ཕྱུགས་རྫི་ཞིག་གི《པ་པ་པའོ་མའི》བཀླགས་ཐོ།
ང་ལྟ་བུ་ཞིག་གིས་བརྩམས་སྒྲུང་བཀླགས་ཚོར་བྲིས་ཟེར་ན་དངོས་གནས་ངོ་གནོང་དགོས་པ་ཞིག་ཡིན་ན་ཡང་། རང་ཉིད་ལོ་ན་གཞོན་དུས་སུ་སྒྲུང་རྩོམ་ཀློག་པར་ཡང་སྤྲོ་བ་ཆེ་ཙམ་ཡོད་ཅིང་། ཁྱད་པར་དུ་སྐུ་ཞབས་ཚེ་རིང་དོན་འགྲུབ་ཀྱི་སྒྲུང་རྩོམ་ཞིག་ཡིན་ཕྱིན་མ་བཀླགས་པར་ལུས་པ་ཧ་ལམ་མེད་ཚོད་ཡིན་ལ། སྐབས་རེར་ཚེ་རིང་དོན་འགྲུབ་ཞུ་བ་འདིར་ངོ་ཞིག་འཕྲད་ན་ཐུན་མོང་གི་ཁ་བརྡ་ཅི་འདྲའི་མོད་པོ་ཞིག་ཡོད་ཨང་ཡང་བསམས་མྱོང་། ཡིན་ན་ཡང་སྐབས་དེར་ཁ་སང་དེ་རིང་ནང་བཞིན་བརྡ་འཕྲིན་སྟབས་བདེ་མིན་པས་འབྲེལ་གཏུག་བྱ་ཐབས་མེད་སོང་། བསམ་བཞིན་བཙལ་བར་ཕྱིན་ན་ནི་མི་མིང་གྲགས་ཅན་དང་ཕྱུགས་རྫི་ཕལ་བ་གཉིས་ནི་བར་ཐག་རིང་སྙམ་པའི་ང་རྒྱལ་ཅན་ཞིག་ཡིན་ན་ཁོང་ཁྲོ་ཞིག་གིས་གྱེས་དགོས་པས་ཁེ་ལས་གྱོང་ཞིག་ཏུ་བསམས་ནས། རང་སེམས་ལ་བཤོལ་བཏབ་པས་ཕྱིས་ཕྱིས་ཤིག་ལ་མ་གཏོགས་ང་ཚོས་ཕན་ཚུན་ངོ་མ་ཤེས། ད་ནི་རྒས་འཁོགས་མིན་ཡང་དར་ཡོལ་གྱིས་རྒས་མགོ་ཁུར་བའི་དུས་སུ་རང་གི་དཔེ་བཀླགས་ལ་ཕྱིར་དྲན་ཞིག་བྱས་ན། བཀླགས་ཟིན་པར་བཀླགས་ཐོའམ་ཟིན་བྲིས་ཉིང་བསྡུས་རེ་ཡང་མེད་པས་ཁ་བྱང་མཐོང་ན་འོ་དེ་ཅིག་བཀླགས་མྱོང་མྱོང་འདྲ་བ་ཙམ་ལས། དེའི་ནང་དོན་འདིའོ།། དམིགས་ས་དེའོ།། ཤུགས་བསྟན་དེ་ཡིན། ཚོར་བ་འདི་བྱིན་ཟེར་བ་ལྟ་ཞོག་ནང་གི་མི་སྣ་ཡང་རེ་གཉིས་ལས་དྲན་གྱི་མེད་པར་མ་ཟད་དྲན་པ་དེས་ཀྱང་འདི་དང་དེ་བྱས་སྙམ་པ་ཞིག་ཀྱང་སེམས་སུ་མི་འཁོར་ལ། ལ་ལ་བཀླགས་མིན་ཡང་ཁ་ཚོན་མི་ཆོད་པས་མཚམས་དང་མཚམས་སུ་རྟགས་རེ་བཏབ་པའམ་ཤོག་བུ་རེ་གཉིས་ད་དུང་བལྟབས་ཡོད་པ་དང་། གང་སར་ལྟེབས་ཆགས་སོང་བའི་ཤུལ་ཡང་འགའ་རེ་མཐོང་ན་བཀླགས་ཚར་བ་མིན་ནམ་སྙམ། དེས་ན་བཀླགས་དང་མ་བཀླགས་གཅིག་ཡིན་པས་ནམ་ཡང་མགོ་ནས་བསྐྱར་ཀློག་བྱེད་པ་ལ་ཅུང་སུན་སྣང་གིས་བསྐྱུར་དགོས། ཨ་ཧོ་བཀླགས་ཟིན་རེ་བྲིས་ཡོད་ན་ཅི་མ་རུང་སྙམ་མུར་ད་ནི་དེ་འདྲ་རེ་ཡང་འབྲི་འདོད་ཅིག་སྐྱེས་སོ།།
ཉེ་ཆར་རྒན་གཞོན་གྱི་ཁྱད་པར་རམ་བསམ་བློའམ་ཁོར་ཡུག་གི་དབང་གིས་ཡིན་ནམ་གང་ལྟར་ཕྱི་རབས་པའི་སྒྲུང་རྩོམ་ཕལ་ཆེར་ཀློག་མ་མྱོང་ཡང་ཚེ་རིང་དོན་འགྲུབ་ཀྱི་སྒྲུང་རྩོམ་རེད་ཟེར་ན་གསར་རྩོམ་ཡིན་ཡང་ད་དུང་བཀླག་སེམས་འགོག་མེད་ཅིག་སྐྱེ་ཡི་འདུག རྒྱུ་མཚན་ནི་ཁོང་གི་སྒྲུང་ནི་ཨ་གསར་མིན་པ་རང་ལ་ཆ་རྒྱུས་ཡོད་པའི་དུས་དང་བསྐལ་བའི་མྱོང་སྣང་སྐོར་ཞིག་མིག་ལ་རི་མོ་དང་གློག་བརྙན་བཞིན་འཆར་བས་ཡིན་པ་འདྲ། དེ་ཡང་། དེ་རིང་ནི་གནམ་ལོ་འདིར་པ་པ་པའོ་མ་ཞེས་པ་བཀླགས་ཐེངས་གཉིས་པ་དེ་ཡིན། ལར་པ་པ་པའོ་མ་ནི་ཚེ་རིང་དོན་གྲུབ་ལགས་ཀྱི་སྒྲུང་རྩོམ་གཞན་དག་དང་བསྡུར་ན་ཁྱད་པར་གཞན་ཞིག་ཡིན་པས་ཐེངས་གཉིས་བཀླགས་པ་མིན་པར། སྐད་འཕྲིན་ཕར་སློག་ཚུར་སློག་ལས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་སྟེས་དབང་ལྟ་བུར་ཕྲད་པས་བལྟས་པ་ཡིན་གྱི། ཧེ། ཀློག་མཁན་རྣམ་པ་སྐུ་ཁམས་བཟང་། ང་རང་པ་པ་པའོ་མ་ཡིན། ཞེས་པ་ཙམ་གྱིས་བོད་སྐད་ཤེས་ཀྱང་འདང་རེ་མ་བརྒྱབ་ན་ཐོགས་ཀྱིན་འདུག་པའི་དབང་རྒྱལ་ཞེས་པའི་ཁ་ནས་མངོན་སུམ་ཉན་བཞིན་པ་ཞིག་དང་འདྲ་བྱུང་། ཧེ་ཞེས་ཚིག་མགོ་བརྩམས་མ་ཐག་ནས་ཅུང་མི་བདེ་བའི་ཚོར་བ་ཞིག་སྟེར་བ་ནི་ང་ལ་མཚོན་ན་རྩོམ་དེ་ཡང་གཅིག་བཀླག་དགོས་པའི་རྒྱུ་རྐྱེན་ཡང་ཡིན་པ་འདྲ། ང་འཕྱུགས་པ་མིན་ན་རྩོམ་འདིའི་བྱུང་རིམ་ཧྲིལ་བོ་ད་དུང་ལོ་ན་ཆེ་རྒྱུ་མེད་པའི་ན་གཞོན་སློབ་ཆེན་པ་དབང་རྒྱལ་གྱི་ཚེ་སྟོད་ཀྱི་མི་ཚེའི་བརྒྱུད་རིམ་རེད། མགོ་བརྩམས་པའི་ཧེ་ནས་མཇུག་རྫོགས་ཁ་མའི་མིག་ཆུ་འགོག་མེད་དུ་བཞུར་བའི་བར་དབང་རྒྱལ་ཕྱིར་དྲན་གྱི་ཀློང་ལ་ཚུད་པའི་རྣམ་པ་དེ་མཐོང་། ཁོའི་ཕྱིར་དྲན་གྱི་གོ་རིམ་ཁྲོད་གཙོ་བོ་ཁོ་ཚང་གི་ཕ་མ་གཉིས་དང་དེའི་ཕ་མ་གཉིས། ཨ་ཅེ་དང་ཤུགས་རྐྱེན་ཆེ་ཆུང་མི་འདྲ་བའི་དགའ་རོགས་གཉིས་ལས་གཞན་རྣམས་འབྲེལ་ཡོད་དབང་གིས་བརྡ་ཙམ་ཐོ་ཙམ་ཡོད་དགོས་པ་ཞིག་ཡིན་པ་ལས། སེམས་ལ་བྲེལ་བའམ་སྔངས་འཚབ་སྟེར་བ་དང་ཉམས་འཇོག་དགོས་པའི་མི་སྣ་དེ་ནོར་བུ་ཉི་མ་མིན་ན་གཞན་དག་མིན་པ་འདྲ། ཁྱད་པར་མི་སྣ་གཙོ་བོ་ཁོ་དང་ཁོའི་ཕ་མ་གཉིས་དང་དེའི་ཕ་མས་ང་ལ་དྲན་འཆར་མང་ཙམ་སྟེར་གྱིན་འདུག
ཨ་མེས་ཨ་ཕྱི་གཉིས་ཀྱིས་གཅིག་ནས་རང་གི་བུ་ལས་དེའི་བུ་ཕྲུག་ལ་གཅེས་པ་དང་གཉིས་ནས་བུ་མནའ་མའི་ཁ་ལ་རྒྱུགས་པར་སྐྲག་པ་སྨོས་མེད་ཀྱིས་དབང་རྒྱལ་སྙོར་གྱིན་ཡོད་ལ། དབང་རྒྱལ་གྱི་བྱ་སྤྱོད་རྩིང་ལ་གཙེས་པ་དེས་ཁོ་གཉིས་ཀྱི་སེམས་ལ་ཕོག་ཐུག་གང་མང་བཟོས་པ་ཤུགས་ནས་ཤེས་པ་དང་། ཁྱད་པར་དབང་རྒྱལ་གྱི་སེམས་བཟང་ཤོག་ཞྭ་དེས་རྒན་པོ་གཉིས་ལ་རྣམ་རྟོག་བཟོད་དཀའ་བ་བཟོས་ཤིང་། ང་བརྒྱད་ནས་རིག་གསར་མཇུག་མ་རྫོགས་ཀྱི་བར་ལ་ཐེངས་གཅིག་གཡུགས་ནས་གོ་རིམ་དེ་ཐེངས་གཉིས་སེམས་སུ་གསལ་བཏབ་པ་དང་། ལོ་ལོན་ཧུར་བརྩོན་པ་ཕུད་པའི་མི་དག་གི་སེམས་སུ་ལོ་རབས་དེ་དག་ནི་ཅི་འདྲའི་སྐྱོ་བོ་ཞིག་དང་མི་བཟད་པའི་གདུག་རྩུབ་ཅན་ཞིག་ཡིན་པ་གསལ་བོར་མཐོང་། ཨ་ཕར་ལོ་ལོན་གཉིས་ལ་ཞྭ་ཉོ་བར་བསྐུལ་བས་སེམས་ཅུང་ཟིན་ཡང་ཁོ་ཚང་རྫོང་མཁར་ལ་སླེབས་ནས་ཁོ་གཉིས་སླར་རྩྭ་ཐང་དུ་ཕྱིན་ཆོག་པ་ནི་དགའ་བ་གང་ལས་དགའ་བ་དང་། གུ་ཡངས་ནང་གི་གུ་ཡངས་དེ་ཡིན་པ་སྨོས་མེད་རང་ཡིན་པས་ཡུལ་རྩྭ་ཐང་ལ་ཐོན་ཉིན་ནས་ཨ་ཡོ་ཤུ་ཞིག་གིས་སེམས་བདེ་ལ་གཉིད་ཞིམ་མོ་སྙམ། འདི་ཙམ་ཞིག་ལས་ལོ་ལོན་གཉིས་ལ་འདང་རྒྱག་ཅང་མེད་པ་དེ་ཡང་ཞིབ་ཏུ་བཤད་ན་ཅིག་འགྲིག་མེད་པ་ཤེས་གལ་ཆེ།
ཁྱད་པར་དབང་རྒྱལ་གྱི་ཕ་ནི་དུས་རབས་གོང་མའི་གཞི་རིམ་ལས་བྱེད་ཤང་རིམ་པའི་དཔོན་རིགས་ཤིག་སྟེ་རང་ཆེ་རང་མཐོང་ཅུང་ཙམ་ཡོད་པ་ཞིག་ཏུ་ཤེས། འོན་ཀྱང་ཤེས་ནས་དྲེགས་པས་སྙེམས་པའི་རང་མཐོང་དེ་མིན་པར་ག་ཡོང་མ་ཤེས་པར་གཞན་རྗེས་སུ་འབྲངས་པའི་རང་མཐོང་དེ་རེད། ཁོ་ལ་རིག་གསར་སོགས་ཀྱི་ཤན་ཤུགས་ཆེ་རྒྱུ་མེད་ཀྱང་ཆུང་རྒྱུ་ཡང་མེད་པའི་བསམ་བློའི་ལྷད་སྐྱོན་ཡོད་ཁར། མི་རབས་དེའི་འདུ་ཤེས་འཛིན་སྟངས་ཕྱིན་ཅི་ལོག་དེ་ཡང་མངོན་གསལ་ཡོད་པས། བུ་མོས་སྐད་གཉིས་སློབ་གསོ་མྱང་བར་ཅུང་བློ་ཕམ་གྱིས་བུ་ནི་ཅིས་ཀྱང་རྒྱ་ཡིག་རྒྱ་སྐད་ཐད་རྒྱ་མིན་ཡང་རྒྱ་འདྲ་བ་ཞིག་འཁྱོང་རེ་བཅངས་པ་སྟེ་མུ་མཐུད་དཔོན་ཁྱིམ་བཅའ་འདོད་ཀྱི་ནད་གཞི་ཡོད་པས་ཀྱང་རེད། དེ་ལས་བགོད་བྲོ་བ་ནི་ཁོའི་གཤིས་ཀྱི་ཕྱིའི་སྣང་བརྙན་དེ་རེད། ཁོས་ཀ་ཅུའི་ཀོ་པགས་ཉོ་མཁན་དང་ཞོན་ཧྭའི་དབྱར་རྩྭ་རྐོ་མཁན་སོགས་ཀྱི་ཡུལ་སྐད་འདྲེས་མ་བཤད་པ་དེས་ཁོ་དང་དཔོན་རབས་དང་ལོ་རབས་གཉིས་མཉམ་པའི་མི་སྣ་མང་པོ་ཞིག་དྲན་དུ་འཇུག མཚོ་སྔོན་བྱང་རྒྱུད་ལ་མཚོན་ན་ཡང་སྟོང་སྐོར་ཡན་ཆད་ཀྱི་ཡུལ་སྐད་དེ་རང་གི་བོད་སྐད་ལས་རྒྱ་སྐད་ཅེས་བདེ་སྣང་འཆར་བ་དང་། ཕལ་སྐད་ལས་སྤྱི་སྐད་ཅེས་པ་ཅི་ཡིན་མི་ཤེས་ཀྱང་རང་གིས་དཔོན་ཉམས་ཤིག་ཏུ་བརློམས་པ་དང་། རང་གིས་མྱངས་པའི་སྡུག་བསྔལ་དེ་མི་ཐོག་ཕྱི་མར་མྱོང་དུ་འཇུག་འདོད་པའི་ནད་ཡམས་དེ་ད་དུང་དྲག་སྐྱེད་བྱུང་མེད་ཁར་གཞི་རིམ་པའི་ཁ་མགོ་བ་དག་ལ་འགོས་ཁྱབ་བྱུང་ཡོད། བཤད་བཤད་པའི་མཐའ་འབྲས་ཡང་བསྐྱར་ལོ་ཙཱ་ཞིག་བརྒྱུད་དགོས་པར་མ་ཟད་བཤད་འདོད་པ་ཁ་ཅིག་ཧ་མ་གོ་བའི་དབང་གིས་ལོ་ཙཱས་བཅོས་ཏེ་རང་དོན་རྩ་ནས་འཕྱུགས་ཀྱང་། རང་གིས་དེ་ཡིན་པའི་ཡིན་འདེགས་རྫུན་མ་རེ་བྱེད་དགོས་པ། མཚམས་ལན་རེར་རྒྱ་སྐད་ཀྱི་ཀུ་རེ་བཤད་ཁུལ་གྱིས་རང་ཉིད་བགད་པའི་རྣམ་འགྱུར་དེར་གཞན་པ་དགོད་པ་ཡིན་ཡང་། རང་གིས་དེ་གནད་ལ་ཁེལ་འདུག་གི་ལོག་རྟོག་གིས་བརྒྱལ་ལ་ཁད་དགོད་པ་སོགས་ཁེར་དགོད་ཡང་ཡང་འཆོར། ཁྱད་པར་བུའི་མདུན་ལམ་གྱི་ཆེད་དུ་ཁྱིམ་མིས་རྒྱ་སྐད་བཤད་པའི་སྒྲིགས་འཇོག་པ་ལ་སོགས་པ་དེ་མ་ཐག་སྙིང་ལང་བ་ཞིག་རེད་ཀྱང་། ཞིབ་ཏུ་བསམས་ན་དྲང་མོ་སྣ་རྐྱང་ཁོ་ནས་འཕྲལ་ལས་ཕུགས་ཞེས་པ་ཡིད་ལ་འཁོར་མེད། མིན་ན་ཕྱིས་སུ་ཡུན་དང་ཁད་ཀྱིས་འགྱོད་མགོ་རྩོམ་གྱིན་པ་དེ་འབྱུང་མི་སྲིད། འོན་ཀྱང་བུས་བྱ་བར་ལམ་ལྷོང་མ་བྱུང་བས་ད་གཟོད་འཕྱིས་དྲགས་པའི་ངེས་འབྱུང་སྐྱེས་པ་ལས་བུ་ཡི་རླུང་རྟ་དར་ཡོད་ན་ཁོ་ལ་ངེས་ཤེས་ཅི་ཡང་འབྱུང་མི་སྲིད། འདི་བའི་ཁྱིམ་མི་མི་རབས་གསུམ་པོ་ཚང་མའི་མི་གཤིས་དྲང་མོ་རྐྱང་ཡིན་པ་ལས་མགོ་བདེ་དྲན་འཕྲུལ་ཧ་ལས་པ་ཅན་དུ་བྲིས་མི་འདུག ཕྲན་བུར་མཚོན་ན་དབང་རྒྱལ་ལས་དབང་རྒྱལ་གྱི་ཨ་ཕ་ལྟ་བུའི་མི་འདང་མི་རྒྱག་པ་དེ་ལ་མི་དགའ་བའི་ཚོར་བ་འབྱུང་། དབང་རྒྱལ་ཡང་ཁོའི་སྐྱོན་དང་ལྷད་ཀྱིས་བགོས་པའི་མཐའ་འབྲས་སུ་ནོར་འཛོལ་བྱུང་བ་ཤ་སྟག་ལས་དབང་རྒྱལ་རང་སྟེང་ནས་མི་བཟང་པོ་ཞིག་མིན་རྒྱུ་མེད་པ་འདྲ། འོ་ན་མགོ་གླེང་བའི་སྐབས་ནས་དབང་རྒྱལ་རང་རྐང་ནས་བོད་ལ་མི་དགའ་ས་འགའ་རེ་ཐལ་བ་ཅི་རེད་ཟེར་ན། ཚན་པ་དང་པོའི་དང་པོ་དེར་རྩོམ་ཡིག་གི་གླེང་གཞི་གཙོ་བོ་དབང་རྒྱལ་ཡིན་པ་དང་དབང་རྒྱལ་གྱི་སྔར་སོང་བརྒྱུད་རིམ་གྱི་སྤྱི་བམ་ཞིག་གླེང་བ་དང་། གོ་རིམ་དེའི་ནང་དུ་མི་རིགས་གཞན་གྱི་ཤན་ཞུགས་དྲགས་པས་ད་གཟོད་མི་དགའ་ས་དེ་དག་བྱུང་བ་རེད་མ་གཏོགས་ཐོག་མ་ཉིད་ནས་མ་དགའ་བ་མིན། རྩོམ་རིག་གང་ཡང་གླེང་གཞི་དང་དཀྱུས་དང་མཇུག་གི་ཚགས་དམ་མིན་རྩོམ་པོའི་ལས་དང་གོ་བ་ལོན་མིན་ནི་ཀློག་པོའི་ལས་སུ་ཤེས་དགོས། ཁོང་གི་རྩོམ་གྱི་གསལ་ཁ་ཕྱེ་བ་མི་འདང་ཞེས་པ་མིན་པར་ང་ལྟ་བུས་གཟབ་གཟབ་མ་བྱས་ན་ཀློག་ཉེས་ཀྱིས་གོ་ནོར་ཐེབས་སྲིད་པ་རེད་ལ། མཇུག་མཐར་ཡང་ཅུང་ཞིག་ཞུས་ན། གལ་ཏེ་དབང་རྒྱལ་གྱི་ཨ་ཕ་ངའི་བཟང་ས་ཞིག་གི་ངོས་ནས་ང་ལ་ད་ཅི་བྱ་ཟེར་བའི་དབང་དུ་བཏང་ན། ངས་ལན་དུ་ཁྱོད་ཀྱི་རང་བྱས་རང་ལ་སྨིན་པ་ཡིན་པས་སྡུག་གྱོང་རེད་ཟེར་ངེས།
འོ་ན་དབང་རྒྱལ་ལ་སྐྱོན་ཅི་ཡང་མེད་དམ་ཟེར་ན་ལོས་ཡོད་དེ། ཁོ་རང་དྲང་མོ་ཡིན་ཁར་རང་ཚུགས་ཞེས་པ་དེ་རྩ་ནས་མེད་རྐྱེན་ད་གཟོད་དབང་རྒྱལ་དང་འབྲེལ་བའི་རྩོམ་གཞུང་དུ་གང་བྱུང་ཚང་མ་རང་ལ་རག་ལས་ཏེ། དེ་ལས་དབང་རྒྱལ་ལ་མང་དུ་བཤད་མི་འདོད་པར་ལེ་བདའ་ཐོག་མ་ཁོའི་ཨ་ཕ་ནས་མགོ་རྩོམ་དགོས་ཤིང་། རིམ་པས་རང་ཚུགས་མེད་པ་ནས་ལར་ཞེན་མེད་པ་དང་དེ་མེད་རྐྱེན་བྱས་ཉེས་རབས་དང་རིམ་པར་བྱུང་མཐར། རང་ཕྱོགས་སུ་སྨོན་པ་ཚུན་ཆད་ཀྱི་རྣམ་འགྱུར་བཟུང་ཡང་རྨོངས་འཐོམ་དང་རྗེས་ལུས་སུ་འཁུམས་པ་ནི་དབང་རྒྱལ་གྱིས་གཡོལ་ཐབས་ག་ལ་ཡོད་ཨང་། རྨོངས་འཐོམ་གྱི་ཚུལ་ཡང་མ་གཞི་མི་བླུན་ནག་གི་དེ་མི་མིན་པར་རིགས་ཀྱི་རང་སྲོལ་ལ་རྨོངས་སོང་བ་དེ་རེད།
སྒྲུང་རྩོམ་ལ་ཚན་པ་གསུམ་ཡོད་ཅིང་རིམ་བཞིན་དབང་རྒྱལ་བྱིས་དུས་ནས་སློབ་མའི་སྐབས་དང་ནར་སོན་ནས་འཁོར་བ་དང་བྱ་བར་ལག་ལེན་བྱས་པའི་གོ་རིམ་རེད་འདུག གཞན་དག་ནི་སྒྲུང་གི་དགོས་དབང་དང་བར་དང་བར་དུ་རྩོམ་པ་པོའི་ན་ཟུག་གཅལ་དུ་བཀྲམ་པ་ཞིག་ཀྱང་རེད། དེ་རུ་མི་རིགས་ཀྱི་སྲོལ་རྒྱུན་ཡོད་ལ་སྤྱི་ཚོགས་ཀྱི་འགལ་འདུ། ཚན་རིག་གི་ལྟ་བ་ཡང་ཤས་ཙམ་སྤྱད་ནས་མཇུག་བསྡུས་ཡོད་པ་སྟེ། དེར་སྦྲ་ལས་ཐགས་ལས་ཀྱིས་སྦྲ་སྟོན་དང་བྱིས་པའི་རྩེད་མོ་ནས་རྩམ་པ་འོ་མར་དཀྲུགས་པའི་འོ་འདག་འཐུང་བ་རྣམས་དང་། ང་བརྒྱད་ནས་འགྱུར་མགོ་བརྩམས་ཏེ་ད་ལྟ་ལོ་ནས་ཟླ་བར་མ་ཟེར་ཞག་ཉི་མ་རེར་ཡང་འགྱུར་བ་ནས་ཉམས་རྒུད་དུ་འགྲོ་བཞིན་པའི་མི་རིགས་རྨང་གཞིའི་ཤེས་རིག ནང་གཉེན་ལྟ་བུས་མི་རིགས་ཉེན་ཁར་གཏུགས་པ་དེ་ཚན་རིག་དང་ཡང་མཐུན་པའི་ཞང་ཞང་གི་བྱིས་པ་ལྟ་བུས་མཚོན་ནོ།། དེ་དག་ཡོངས་སུ་བསྡོམས་པས་ཅི་ཞིག་སྟོན་གྱིན་ཡོད་ཟེར་ན་དབང་རྒྱལ་གྱི་ཨ་ཕ་ལྟ་བུའི་ཕྱིན་ཅི་ལོག་པ་དང་། ཁོ་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་སུ་ཞིག་ལ་རྒྱབ་བསྟན་ཡོད་པ་དང་བསམ་བཞིན་ཡིན་མིན་གང་ལྟར་ཁེ་ཉེན་གང་ཞིག་ཤེས་དང་མ་ཤེས་པའི་མཚམས་ནས་དང་ལེན་ནམ་གདམ་གསེས་བྱས་ཡོད་པར་བྱ་བཏང་ཡོད་ལ། ཐེར་འདོན་ནམ་མ་ཤེས་ན་མི་མངོན་པའི་ཚུལ་དུ་ངོ་སྤྲད་ནས་དགག་པ་བརྒྱབ་ཡོད། དམིགས་ཡུལ་འདི་དང་འདི་ལྟ་བུས་ཉམས་མི་རུང་བའི་སོན་རྩ་གསོ་དགོས་ལ་ཞུགས་མི་རུང་བའི་ལོག་ལམ་ལས་ལྡོག་རེ་བཅངས་ཡོད་པར་སྙམ།
ལར་བརྩམས་ཆོས་ཉུང་ཉུང་ཞིག་ལས་དགའ་སྐྱོ་གང་རུང་གིས་མགོ་རྩོམ་ལ་མཇུག་ཀྱང་ལྡོག་ནས་སྡུད་པ་དང་མུ་ནས་སྡུད་དགོས་པ་ལྟར། སྒྲུང་འདི་རྩ་བའི་ཆ་ནས་སྐྱོ་བ་ནས་སྐྱོ་བའི་ཕྱོགས་སུ་བཞུད་དེ་མཐའ་མཇུག་ནལ་ཕྲུག་གམ་དམེ་ཕྲུག་ནད་པ་དེའི་འཁྲོལ་ལ་མི་འཁྲོལ་བའི་སྐད་ཆ་ཡང་། པ——པ——པའོ——མ——ཟེར་བ་དེ་རེད། འདིས་ནི་དབང་རྒྱལ་དང་ཞང་ཞང་གི་ནང་བསྡེབས་དང་སྦྲུམ་འགོག་ལ་དོ་སྣང་མ་བྱས་པ་ཙམ་མིན་པར། ད་ནས་ལྡོག་ཤེས་མེད་ན་དེ་ལྟར་དམེ་སྡེབ་ཀྱིས་དམེ་ཕྲུག་འབྱུང་རྒྱུར་མ་ཟད་ཁོས་ཟེར་བའི་པ་པ་པའོ་མ་ཆགས་རྒྱུར་གདོན་མི་ཟ་བའི་ཉེན་བརྡ་བཏང་བ་རེད།
རྩོམ་པ་པོ་ལགས་ལ་ཀུ་རེ་ཞིག་ཞུ་བའི་དབང་དུ་བཏང་ནས་རྩོམ་ཡིག་གི་ངོ་གདོང་ལྟར་ན་དབང་རྒྱལ་ཚང་གི་བཟའ་མི་བཞི་བོའི་ནང་དུ་མི་གསོན་པོ་གཅིག་པུ་དེ་ཨ་ཅེ་ཡིན་པ་འདྲ་ཞིག་བྲིས་ཡོད་དེ། འབྲོག་པའི་བསམ་པ་ལྟར་ན་རྩོམ་པ་པོར་ཐུན་མིན་གྱི་འབྲེལ་བ་ཞིག་ལོས་ཡོད་སྙམ་པ་དང་། དབང་རྒྱལ་ནི་ནམ་ཡང་ཁོ་གཉིས་ལ་འགལ་རྐྱེན་བཟོ་མཁན་ཡིན་པས་སྙིང་ནད་ལོས་ཡོད་འདྲ་ཞིག་ཏུ་སྣང་། ད་དུང་ལས་ཀྱང་ཤིན་ཏུ་ངན་པས་དམེ་ཕྲུག་ཡ་མ་བརླ་དེ་སྙོར་ཞིང་འདུག་དགོས་པ་དེས་རྩོམ་པ་པོ་ཡང་བསམ་པ་ཅུང་གནག་ཚུལ་གྱིས་ཁོང་འཛུམ་ཞིག་ཤོར་མེད་དམ་འདོད། མིན་ན་དེ་འདྲ་ཞིག་ཀྱང་ཅི་གོ་རེད་དུ་བསམ་ཡོང་། ཀུ་རེ་འདི་རྩྭ་ཐང་གི་དཔེ་ཀློག་པ་མང་མང་གི་བསམ་ཚུལ་ཏེ། འུ་ཚོས་འདོད་པ་ནི་རྩོམ་གྱི་ངོ་གདོང་སྤྱད་ནས་ཁ་བརྡ་གློད་བགྱི་དེའོ།། ཀློག་སྟངས་ཐོག་གི་ནོར་འཕྲུལ་འདིས་ནི་ང་ཚོས་གང་ཞིག་གང་གི་འཐུས་ཚབ་ཡིན་པ་དང་། གང་ཞིག་གང་གི་སྣང་བརྙན་ཡིན་པ། གང་ཞིག་གང་གི་བསྡུས་གཟུགས་ནས་གང་ལ་གཟས་པ་ཡིན་ཅུང་རེ་ཧ་མ་གོ་ཚེ། དེ་འདྲ་ཞིག་ཀྱང་ཅི་གོ་རེད་ཅེས་རིམ་གྱིས་རྩོམ་རིག་ལ་ཁ་གྱེས་འགྲོ་བ་ནས་དཔེ་ཀློག་ལ་ཡང་ཁ་གྱེས་འགྲོ་ཡི་ཡོད། ངའི་ཀློག་གྲོགས་ཁ་ཅིག་དེ་ལྟར་ཁ་གྱེས་ནས་ཁ་འདོན་ལ་རེམ་པ་དང་། ལ་ལ་དེ་ཡང་མེད་པར་རྩྭ་ཐང་གི་ཕོ་ཧྲེང་ལྟ་བུར་གྱུར་ཡོད་པ་རྣམས་ལ་ཆེད་དུ་ཞུས་ཤིང་མཚམས་སྦྱར་ཁུལ་ཞིག་ཀྱང་ཡིན། འདི་ཕྲན་བུའི་གོ་བ་ལེན་སྟངས་ཤིག་ལས་ཡོངས་སུ་གཅིག་པ་ཞིག་མིན་ཁར་གོ་བ་ཁ་ཕྱིར་བལྟས་སུ་སོང་ན་བཟོད་གསོལ་ཞུ་བགྱི་ཡིན་ནོ།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།