པདྨ་ཚེ་བརྟན་གྱི་གློག་བརྙན《དབུགས་ལྒང》གླེང་བ།
པདྨ་ཚེ་བརྟན་ནི་བོད་ཡུལ་ལུང་བར་གློག་བརྙན་ལས་རིགས་དར་བར་བྱེད་པའི་དེད་དཔོན་དང་། གློག་བརྙན་སྒྱུ་རྩལ་གྱི་རྟོགས་པར་རླབས་རྒྱུན་གསར་བ་འདྲེན་མཁན་གྱི་མི་ཕོ་ཞིག་ཡིན་པས། ཁོའི་བརྩམས་ཆོས་གསར་བ་ཅི་འབྱུང་ལ་ང་ཚོས་གང་ནུས་སྒོས་རྒྱབ་སྐྱོར་བྱ་འོས་པའི་མི་ཚད། དེ་ལ་ནན་གྱིས་འཇུག་ཅིང་ཞིབ་ཏུ་མྱོང་དགོས། ཅིའི་ཕྱིར་ཟེར་ན། གློག་བརྙན་སྒྱུ་རྩལ་ནི་རིག་གནས་བརྒྱུད་སྒྲོག་དང་ལྟ་དགོངས་སྟོན་བྱེད་ཀྱི་སྨྱན་བྱེད་ཙམ་མིན་པར། མི་སྒེར་རེ་རེའི་འཚོ་གནས་ཀྱི་སྙིང་བོ་དང་རྣམ་ཤེས་ཀྱི་བདེན་པ། འཇིག་རྟེན་གྱི་ལྟ་བ་སོགས་སྒྱུ་རྩལ་གྱི་བརྙན་མིག་གམ་མཛེས་རྟོག་གི་བློ་མིག་གིས་ཕྲ་ཞིང་ཕྲ་བར་མཚོན་པ་ཞིག་ཡིན་པས་སོ།།
༡
གློག་བརྙན་འདིའི་རང་དབང་དང་རང་བྱུང་ལ་ཉེ་བར་བཅར་བའི་བརྙན་ལེན་སྟངས་དང་། རིས་འགོད།(构图)བརྙན་མིག་གི་ཡུལ་དུས།(景别与调度) འགྲོས་ཚད། མཐོང་སྣེ། སྒྲིག་གཞིའི་བཀོད་པ་ཐམས་ཅད་བབ་ཆགས་ཤིང་བྱང་ཆ་ལྡན་པར་བལྟས་ན། འཁྲབ་ཁྲིད་པའི་གློག་བརྙན་འཁྲབ་ཁྲིད་ཀྱི་ཐབས་རྩལ་དང་འཇོན་ནུས་དེ་རྒྱལ་སྤྱིའི་འཁྲབ་ཁྲིད་པ་རྩེ་གྲ་དག་གི་ཚད་དུ་བསླེབས་འདུག་སྙམ་པའི་ཕོ་ཚོད་ཅིག་ངང་གིས་སྐྱེས་འོང་། དཔེར་ན། དབུགས་ལྒང་ལས་མཐོང་བའི་ནམ་མཁའ་ནས་མགོ་བརྩམས་ཤིང་སྟོང་བའི་དབྱིངས་སུ་དབུགས་ལྒང་ཤོར་བ་ནས་མཇུག་བསྡུས་པ་ལྟ་བུ་དང་། མི་སྣའི་བར་གྱི་འབྲེལ་བ་སྟོན་བྱེད་ལ་གཞན་གྱིས་ཆོད་པའི་རིས་འགོད་བཀོལ་བ(གྲོགས་པོ་དང་བཟའ་ཟླ། སྨན་པ་སོགས་དང་མཉམ་དུ་གནས་པའི་སྐབས་ཀྱི་རིས་འགོད)་དང་སྒྲོམ་གཞིའི་ནང་གི་སྒྲོམ་གཞི།(སྒོ་དང་དབུགས་ལྒང་ལས་མཐོང་བའི་འཇིག་རྟེན།) སྒེའུ་ཁུང་ཕྱི་རོལ་དང་ཆུ་ཡི་ནང་གི་གཟུགས་བརྙན་ལྟ་བུ།(སྒེའུ་ཁུང་ཕྱི་རོལ་གྱི་བཟའ་ཟླ་དང་རྒན་པོ་འདས་རྗེས་ཀྱི་གཟུགས་བརྙན། སྒྲོལ་དཀར་གྱི་ངོ་གདོང་།) རྨི་ལམ་དང་རྟོག་བཏགས་མཚོན་བྱེད་ལ་ཚོན་མདངས་སྣ་མང་དང་རོལ་མོ་དམིགས་བསལ་བ་སྡེབ་པ་ལྟ་བུ་སོགས་བྱེ་བྲག་ཏུ་བབས་ན་བརྙན་མིག་རེ་རེར་མཚོན་དོན་གྱིས་ཕྱུག་ཅིང་མཛེས་རྟོག་གི་ཀློང་ཡངས་པས། སྒྱུ་རྩལ་གྱི་སྣང་བརྙན་དང་བསམ་བློ་བང་རིམ་ཅན་དུ་བཏང་སྟེ། མཚན་ཉིད་རིག་པའི་མཐོ་ཚད་དུ་སྐྱེལ་བར་རྣམ་པ་དང་མཚོན་བྱེད་ཀྱིས་རམ་འདེགས་བླ་མེད་ཅིག་མཛད་ཡོད།
༢
གློག་བརྙན་ཡང་སྒྱུ་རྩལ་གཞན་དང་འདྲ་བར་རྩོམ་པ་པོའི་སྒྱུ་རྩལ་ཞིག་ཡིན་པས་ན། འཁྲབ་ཁྲིད་པའི་བསམ་བློར་དཔགས་ཏེ་སྙིང་བོ་འཚོལ་རྒྱུ་ནི་གལ་ཆེ། གློག་བརྙན་གྱི་ཁ་བྱང་ལ་དབུགས་ལྒང་ཞེས་བཏགས་ཡོད་པ་དང་། བརྗོད་བྱའི་གཙོ་བོ་ཡང་དེ་དང་མ་འབྲེལ་རང་འབྲེལ་དུ་སོང་ཡོད་སྙམ། གློག་བརྙན་ཧྲིལ་བོར་དབུགས་ལྒང་ཐེངས་གསུམ་འབྱུང་ལ། ཐེངས་དང་པོ་དང་གཉིས་པ་ནི་སྲུང་ཤུབས་སྤུར་བའི་དབུགས་ལྒང་དང་། ཐེངས་གསུམ་པ་ནི་དབུགས་ལྒང་ངོ་མ་ཡིན། སྔོན་མའི་དེ་ལ་ཁ་དོག་མེད་པ་དང་རྗེས་མའི་དེ་ལ་ཁ་དོག་ཡོད་ཅིང་དམར་པོ་ཡིན། འདི་ནི་འཁྲབ་ཁྲིད་པས་དམིགས་ཀྱིས་བདམས་པར་འདོད་དེ། དམར་པོས་ཁྲག་དང་ཚེ་སྲོག རྩིས་ཆེ་བའི་རིགས་ཡོད་ཚད་མཚོན་པས་ཡིན་པ་དང་། སྲུང་ཤུབས་སྤུར་བའི་དབུགས་ལྒང་དེ་བཟའ་མི་དང་གྲོགས་པོ། བྱིས་པ་དག་གི་བརྩེ་བ་ལ་རྨ་ཁ་བཟོ་བྱེད་ཀྱི་མཚོན་ཆ་ཡིན་ལ། ཚེ་སྲོག་གི་རྒྱུན་གསར་བ་ཞུགས་པར་རྒོལ་བའི་ལག་ཆ་ཡིན་པས་མི་གཞི་དང་རིག་གནས། ཀུན་སྤྱོད་ལ་ཉམས་ཉེས་ཆེན་པོ་ཞིག་བྱུང་ཞིང་། དངོས་པོའི་དཔལ་ཡོན་དང་ཚན་རིག་ལག་རྩལ་འཕེལ་བ་ཡིས་མི་རང་ཉིད་ཀྱི་ནང་སེམས་སྟོང་བར་གྱུར་ཅིང་ལྔ་བའི་ལམ་དུ་རྫོང་བཞིན་པའི་གནས་སྟངས་ཤིག་ཀྱང་མངོན་ཡོང་བ་འདྲ། དབུགས་ལྒང་དམར་པོ་ཐོབ་མ་ཐག་གཅིག་ནི་གས་ཤིང་གཅིག་ནི་མཁའ་ལ་ཤོར་པ་ཡིས་སྐྱེ་འཆིའི་སྙིང་བོ་དང་ཆོས་ཀྱི་དེ་ཉིད་ཅིག་སྟོན་གྱིན་ཡོད་དེ། འདུས་པའི་མཐའ་མར་འབྲལ་བ་དང་། སྐྱེ་བའི་མཐའ་མར་འཆི་བ། འདུས་བྱས་ཐམས་ཅད་མི་རྟག་པ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། ཡོད་ཚད་སྐད་ཅིག་མ་དང་འཇིག་པའི་རང་བཞིན་ཡིན་པའི་མཐར་ཐུག་གི་གནས་ལུགས་སམ་བདེན་པ་དེའོ། ། ཟུར་གཞན་ཞིག་ནས་དབུགས་ལྒང་སྔོན་མ་གཉིས་ཀྱིས་འཇིག་རྟེན་འཁོར་བའི་འདོད་པ་དང་ཆགས་སྡང་མཚོན་ལ། རྗེས་མ་ཡིས་འཇིག་རྟེན་ལས་འདས་ཤིང་འཕགས་པའི་ལྐོག་གྱུར་གྱི་རེ་སྙེག་གམ་ཡུལ་དུས་གཞན་ཞིག་མཚོན་ཡོད་པར་བསམ་ནའང་མི་ཆོག་པ་མེད་སྙམ།
༣
གློག་བརྙན་འདིར་སྐྱེས་པ་རྣམས་བལྟས་ཚོད་ལ་སྟོབས་དང་དབང་གི་བདག་པོ་དང་། འཁོར་བའི་ཕྱི་ནང་གི་དཀྱིལ་སྙིང་ཡིན་ནའང་། དོན་དུ་ཕྱི་ཡི་རྫིག་ཉམས་དང་སྲོག་ཆགས་ཀྱི་གདོད་ན་གནས་པའི་གཏུམ་སྤྱོད། མི་སོ་སོའི་གཉུག་མར་གནས་པའི་འདོད་ཆགས་ཙམ་ལས་བླ་སྲོག་དང་རྣམ་ཤེས་བོར་བའི(缺席)བེམ་པོ་ལྟ་བུར་གྱུར་ཡོད་དེ། རང་གི་ཕ་འདས་ཁར་གམ་ན་མེད་པ་དང་འཁོར་བའི་དོན་གལ་ཆེན་ལ་འཕྲད་ཚེ་ཐག་གཅོད་དབང་བྲལ་བ་སོགས་ཀྱིས་རྟོགས་ནུས། སྐྱེས་མ་རྣམས་ཀྱིས་ལས་དབང་གི་འཕྲུལ་འཁོར་ལ་ཨུ་ཚུགས་ཀྱི་མཚོན་ཆ་བསྣུན་ཅིང་། འཇིག་རྟེན་གྱི་མུན་པར་ནང་སེམས་དང་མི་གཞི་ཡི་འོད་སྣང་གིས་རྒོལ་ལན་ཡང་ཡང་སྤྲད། འདི་ནི་འཚོ་བའི་དོན་སྙིང་དང་མི་ཚེའི་རིན་ཐང་། ཚེ་སྲོག་གི་བདེན་པ་འཚོལ་བའི་ལམ་གྱི་དཀའ་ཚེགས་ཡིན་ལ། སྐྱོ་བའི་གར་གྱི་ངོ་བོར་འཐབ་པའི་རྣམ་ཤེས་ཀྱི་འཕག་འཚག་དང་སྙིང་སྟོབས་ཀྱང་ཡིན་པར་མ་ཟད། གྱོན་པའི་ཁ་དོག་ལས་ཀྱང་སྐྱེས་མའི་གཤིས་ཀའི་འགྱུར་བ་མངོན་ཐུབ་སྙམ། སྒྲོལ་དཀར་གྱིས་ནང་གོས་དམར་པོ་ནས་དཀར་པོར་བརྗེས་པ་ཡིས་ཀྱང་ནང་སེམས་དང་གཤིས་ཀའི་འགྱུར་བ་ཞིག་སྟོན་གྱིན་ཡོད་དེ། ཁོ་མོ་ཆུང་དུས་ནས་དྭ་ཕྲུག་ཏུ་གྱུར་བ་དང་སྲིང་ཆུང་རབ་ཏུ་བྱུང་བ། ཁྱོ་གའི་སྤྱོད་པ་སོགས་ཀྱིས་འགལ་འདུས་ཁེངས་པའི་གཤིས་ཀ་ཞིག་གྲུབ་ཡོད་པ་དང་། དེ་ཡི་ཤུགས་ན་ཁེར་རྐྱང་དང་སྡུག་བསྔལ་གྱིས་གཟིར་ཏེ་འཁོར་བ་ལས་ལོག་པའི་ཡུལ་གཞན་ཞིག་ལ་འཁྲེང་བའི་འདུན་པའམ་རྨི་ལམ་གྱི་ཕྱོགས་ཀྱང་ཡོད་འདོད།
༤
གློག་བརྙན་ཉིད་སྒྱུ་རྩལ་ལ་འགྱུར་བྱེད་ཀྱི་གནད་དམ་པ་ནི་གློག་བརྙན་སྐད་བརྡ་ལ་ཐུག་འདུག་སྟེ། དེ་ནི་མཚོན་བྱ་གཏིང་ཟབ་མིན་ཅི་རིགས་མི་སྣའི་སྐད་ཆར་དྲངས་པ་ལྟ་བུའི་སྟབས་བདེ་ཞིག་མིན་པར། བརྙན་མིག་དང་མཚོན་ཐབས། ཡིད་བརྙན་དང་རོལ་མོ་ཀུན་ལ་སྙན་ངག་གི་ཉམས་སམ་སྒྱུ་རྩལ་གྱི་རང་བཞིན་གྱི་ཁམས་ཀྱིས་ཕྱུག་པར་སྟོན་པའི་ཐབས་དང་། དེ་འབྱུང་སའི་གཞི་དང་ཉེར་ལེན་ལྟ་བུའི་ས་བོན་ནི་ཡུལ་དུས་ཀྱི་ངོ་བོར་གྲུབ་པའི་འཚོ་བ་རང་ཡིན་ཏེེ། འཚོ་བ་ནི་སྒྱུ་རྩལ་ལས་ཀྱང་ཉོག་འཛིང་ཆེ་བ་དང་འགལ་བའི་ཕུང་བོ་ཞིག་ཏུ་མཐོང་དགོས་ཤིང་། སྒྱུ་རྩལ་བས་རང་གི་ནང་སེམས་ཀྱི་དྲན་པ་དང་མྱོང་རྟོགས་ལྟར་དེའི་ཡུལ་དུས་ཀྱི་ཆ་དང་མངོན་ལྐོག་གི་ངོ་བོ་དག་ལ་འདོར་ལེན་དང་གདམ་གསེས་བགྱིས་མཐར་འཚོ་བ་ལས་འདས་པའི་མཛེས་རྟོག་གི་ཞིང་ཁམས་གསར་བ་རེ་རེ་བཞེངས་པ་ཞིག་ཡིན། དེ་བཞིན་གློག་བརྙན་འདིར་བརྙན་མིག་དང་ཡིད་བརྙན། ཚོན་མདངས་ཁྱད་མཚར་བས་རྨི་ལམ་དང་རྟོག་བཏགས། མངོན་སུམ་གྱི་མྱོང་བས་མ་ཟིན་པའི་འཆི་འཕོ། ནང་སེམས་ཀྱི་འགྱུ་བ་དང་འབྲེལ་བའི་ཆུ་ཡི་ནང་གི་གཟུགས་བརྙན་སོགས་ཞིང་ཁམས་གཞན་ཞིག་བཞེངས་ལ། སེམས་ཀྱི་མཚོ་མོ་སྐྱོམ་པའི་རོལ་དབྱངས་ཀྱིས་དེ་ཡི་ཀློང་ལ་ཁྲིད་པར་བྱེད། བྱིས་པའི་རྨི་ལམ་དུ་རྣམ་ཤེས་ཀྱི་རྒྱུན་དང་རིག་གནས་ཀྱི་རྐང་མཚོན་བྱེད་ཀྱི་སྨེ་བ་རྩད་ནས་བླངས་ཤིང་གཅེར་བུར་བྱེ་ཕུང་བརྒལ་ཏེ་རྒྱ་མཚོ་མིག་ལམ་དུ་མངོན་པ་ལས་རྒྱུད་ལ་འཇགས་པའི་བག་ཆགས་ལ་དོགས་འདྲི་དང་རང་བྱུང་གི་པང་བར་ལོག་པའི་སྣང་བ་ཞིག་ཤར་འོང་། རྒན་པོ་འདས་རྗེས་ཆུ་ཡི་ནང་དུ་ལྡོག་པའི་གཟུགས་བརྙན་གྱིས་མི་སོ་སོའི་སེམས་ཀྱི་འཆི་འཕོའི་རྟོག་པ་མཚོན་པ་དང་། ཚོན་དང་སྒྲ་གཟུགས་ཁྱད་མཚར་བ་སྤྱད་པས་མཚོན་དོན་ཇེ་ཟབ་ཏུ་བཏང་ཡོད། ད་དུང་སྒྲོལ་དཀར་གྱི་འཕྲུལ་སྣང་དང་དར་རྒྱས་ཀྱི་བཟི་སྣང་སོགས་མྱོང་སྣང་ངོ་མཚར་ལ་གཏིང་ཟབ་པ་མང་ངོ་། ། གཞན་གློག་བརྙན་ཧྲིལ་བོ་བརྙན་མིག་སྐད་བརྡ་ཆ་ཚང་ཞིག་ཡིན་པར་བལྟས་ན། དེའི་ཕྱེད་སྔ་མ་འཇིག་རྟེན་འདིར་སྣང་གི་མིའི་འདོད་པ་གཙོ་བོར་བརྗོད་ཡོད་པ་དཔེར་ན། ཁྲོམ་དང་དབུགས་ལྒང་། སྨན་ཁང་སོགས་ཀྱིས་མཚོན་པ་དང་། ཕྱེད་ཕྱི་མར་འཇིག་རྟེན་ལས་འདས་པའི་འཆི་འཕོ་དང་རྣམ་ཤེས་ལྟ་བུ་གཏིང་ཟབ་མོའི་རིགས་བརྗོད་ཡོད་དེ། དཔེར་ན་རྒན་པོ་འདས་པ་དང་། བླ་མར་རྣམ་ཤེས་ཀྱི་ལོག་མལ་དྲིས་པ། དགོན་པར་ཆས་པ། དབུགས་ལྒང་དབྱིངས་སུ་འཐིམས་པ་ཡིས་མཚོན་ནོ། །
༥
མདོར་ན། གློག་བརྙན་འདིའི་ཕྱི་ནང་གི་མཚོན་བྱ་མཚོན་བྱེད་དང་། སྐད་བརྡ། སྒྲ་གཟུགས། ཐབས་རྩལ་དང་ཤུགས་བསྟན་སོགས་ཤིན་ཏུ་ཡག་སོང་འདོད་དེ། ཕལ་བའི་ཁྱིམ་ཚང་ཞིག་གི་སྐྱིད་སྡུག་བྱེ་བྲག་པའི་དོན་རྐྱེན་འགར་བབས་ཏེ་ཞིབ་ཅིང་ཕྲ་བར་བརྗོད་པར་བརྟེན་ནས། འཚོ་བའི་བདེན་པ་རྩལ་དུ་བཏོན་ཅིང་ཡུལ་དུས་ཀྱི་ངོ་བོ་ཚད་རིམ་མཐོན་པོས་གཅིག་བསྡུས་བྱས་ཡོད་རྐྱེན། འཚོ་བའི་མྱོང་རྟོགས་དང་མཛེས་རྟོག་གི་རོ་ཉམས་གཉིས་དབྱེར་མེད་དུ་འདྲེས་ཤིང་དེ་ཡིས་ང་ཚོའི་ནང་སེམས་དང་རྣམ་ཤེས་ལ་བྱབས་ཁྲུས་ཐེངས་ཤིག་བྱེད་ཅིང་བདག་ཉིད་རྙེད་པར་འགྱུར་སྲིད། འདི་ནི་གློག་བརྙན་གནས་པའི་དོན་སྙིང་ཡིན་ལ་སྒྱུ་རྩལ་ཐམས་ཅད་གནས་པའི་དོན་སྙིང་ཡང་ཡིན། གློག་བརྙན་གྱི་ལས་འགན་ནི་གནད་དོན་འདོན་པ་ལས་རང་གི་འདོད་པ་ལྟར་དྲིས་ལན་འདེབས་པ་དེ་མིན་ནོ།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།