《ཝ་ནག་ལུང་བ》དང《ཁྱེད་ཀྱི་ཕ་ཡུལ་སྤྲིན་དཀར་དེའི་ཕྱོགས་སུ་ཡོད》གཉིས་བཀླགས་པའི་ཟིན་ཐོ།
པར་པ། མི་གསལ།
ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང《ཝ་ནག་ལུང་བ》ནི2012ལོར་ཐོག་མར《སྦྲང་ཆར》དུ་སྤེལ་ཞིང་། རྗེས་སུ《མི་རིགས་ཀྱི་རྩོམ་རིག》སོགས་དུས་དེབ་མང་པོས་བརྒྱུད་འགོད་བྱས། དེ་ནས་ལོ་ངོ་དྲུག་བདུན་ཙམ་གྱི་རྗེས་སུ་ཚེ་རིང་ནོར་བུའི་སྒྲུང་ཐུང《ཁྱེད་ཀྱི་ཕ་ཡུལ་སྤྲིན་དཀར་དེའི་ཕྱོགས་སུ་ཡོད》ཞེས་པ་དེ་ཡང་ཀློག་པ་པོའི་མིག་ལམ་དུ་གསལ། མ་གཞི་བརྩམས་སྒྲུང་འདི་གཉིས་ཀྱི་སྐད་རིགས་དང་གསར་རྩོམ་རྒྱབ་ལྗོངས་ལ་ཁྱད་པར་ཡོད་ཀྱང་ཞིབ་ཏུ་བཀླགས་ཚེ་བརྩམས་སྒྲུང་གི་བརྗོད་བྱ་དང་དོན་སྙིང་། རྩོམ་པ་པོའི་དོ་ཁུར་ལ་སོགས་པར་འདྲ་བའི་ཆ་དུ་མ་ཞིག་མཐོང་ཐུབ་པ་དང་། ཕན་ཚུན་གཤིབ་བསྡུར་བྱས་ཚེ་བརྩམས་སྒྲུང་གཅིག་པོ་ཐད་ཀར་བཀླགས་པ་ལས་མཐོང་སྣེ་དང་བླང་བྱ་གསར་པ་ཐོབ་བྱུང་།
གཅིག མི་གཙོ་བོར་བཟུང་བའི་སྐྱེ་ཁམས་རྩོམ་རིག
ཐོག་མར་བརྩམས་སྒྲུང་དེ་གཉིས་མཉམ་དུ་བཞག་ནས་གཤིབ་བསྡུར་བྱེད་པའི་རྒྱུ་རྐྱེན་གླེང་ཚེ། བརྩམས་སྒྲུང་གཉིས་ཀས་དེང་རབས་ཅན་གྱི་ཁོར་ཡུག་སྲུང་སྐྱོབ་སྲིད་ཇུས་ཀྱི་ཆ་ཤས་ཤིག་སྟེ་སྐྱེ་ཁམས་གནས་སྤོའིགནད་དོན་ལ་དོ་སྣང་བྱས་ནས་སྐྱེ་ཁམས་གནས་སྤོ་བྱས་རྗེས་ཀྱི་གནས་སྤོ་བའི་འཚོ་བ་གཙོར་བཟུང་ནས་བྲིས་ཡོད། བརྗོད་བྱ་འདི་ནི་ང་ཚོས་དུས་ཀུན་ནས་མཐོང་རྒྱུ་མང་བའི་མིའི་རིགས་ཀྱི་བྱ་སྤྱོད་ཀྱིས་རང་བྱུང་ཁམས་ལ་གནོད་འཚེ་བཏང་བ་དང་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་འབྲེལ་བ་གཏོར་བའི་སྐྱེ་ཁམས་རྩོམ་རིག་དང་མི་གཅིག་པར་མིའི་རིགས་ཀྱིས་གནད་དོན་འདི་ཐག་གཅོད་ཕྱིར་བྱ་སྤྱོད་སྤེལ་བ་དང་མི་འགའ་ཞིག་རང་གི་ཕ་ས་ཕ་ཡུལ་དང་བྲལ་ནས་གཞན་ཡུལ་དུ་གཞིས་ཆགས་དགོས་པའི་དོན་དག་བྱུང་རྗེས་གཞན་ཡུལ་གྱི་འཚོ་བའི་གནས་སྟངས། དགེ་སྐྱོན། འགལ་ཟླ་ལ་སོགས་བརྗོད་བྱར་བཞག་ཡོད། བརྩམས་སྒྲུང་གི་ནང་དོན་ལ་ཞིབ་ཏུ་བལྟས་ན་ཚེ་རིང་དོན་གྲུབ་ཀྱིས་རྩེ་གཞུང་རྩྭ་ཐང་གི་སངས་རྒྱས་ཚང་སྐྱེ་ཁམས་གནས་སྤོ་བྱས་ནས་ཕྱུགས་ཟོག་ཚང་མ་བཙོངས་རྗེས་ནང་མི་ལྷན་དུ་ཕྱུགས་རྭ་དང་སྦྲ་གུར་མེད་པའི་རྫོང་གི་སྡོད་ཁང་དུ་བསྡད་དགོས་པ་དང་དེའི་ཁོར་ཡུག་གསར་པའི་འཚོ་བའི་ཁྲོད་ཁོ་ཚོའི་འགྲོ་ལུགས་འདུག་སྟངས་དང་ཟ་འཐུང་གོམས་གཤིས་ལ་ཡང་འགྱུར་བ་ཆེན་པོ་བྱུང་ཞིང་། མཐར་མི་ཤི་ཁྱིམ་སྟོང་ལ་ཉེ་བའི་བར་ཆད་འཕྲད་དུས་སུ་སླར་ཕ་སར་ལོག་ཀྱང་ལོག་པའི་ཡུལ་མེད་པར་འགྱུར་བའི་དོན་དག་བྲིས། ཚེ་རིང་ནོར་བུས་བོད་བྱང་ཐང་ནས་ལྷ་སར་སྐྱེ་ཁམས་གནས་སྤོ་བྱས་པའི་འབྲོག་པའི་སྐོར་བྲིས་ནས་གནས་སྤོ་རྗེས་ཀྱི་འཚོ་བའི་བརྟེན་ས་དང་ཕྲུ་གུའི་འགྲོ་ལུགས། རྒན་འཁོགས་ཀྱི་གནས་སྟངས་སོགས་བརྗོད། བརྒྱུད་རིམ་དེའི་ཁྲོད་དུ་རྩོམ་པ་པོ་གཉིས་ཀས་སྐྱེ་ཁམས་གནས་སྤོའི་རྗེས་སུ་གཞན་དབང་གིས་གཞན་ཡུལ་དུ་སླེབས་པའི་ཡུལ་གྱར་བ་དག་གི་སྤྱིའི་གནས་སྟངས་དང་། འཚོ་བའི་འགྱུར་ལྡོག་བྲིས་ཤིང་། སྐྱེ་བོ་བྱེ་བྲག་གི་བསམ་བློ་དང་མདུན་ལམ་གྱི་འགྱུར་ལྡོག་ལ་ཡང་དོ་སྣང་བྱས་ཡོད།
རྩོམ་པ་པོ་ཁོང་གཉིས་ཀྱི་དེ་སྔའི་བརྩམས་སྒྲུང་དུ་ཡང་སྐྱེ་ཁམས་གནད་དོན་དང་འབྲེལ་བའི་ནང་དོན་ཡོད་དེ་དཔེར་ན་ཚེ་རིང་དོན་གྲུབ་ཀྱི《སྨུག་པ》དང་ཚེ་རིང་ནོར་བུའི《འབབ་སྒྲུང》ལ་སོགས་ཡིན། འོན་ཀྱང་བརྩམས་ཆོས་དེ་དག་གི་ནང་དོན་ནི་ཐད་ཀར་ཁོར་ཡུལ་གཏོར་བཤིག་དང་མི་དང་ཡུལ་གྱི་འབྲེལ་བའི་སྐོར་གཙོ་བོར་གླེང་པ་ལས་ཁོར་ཡུག་སྲུང་སྐྱོབ་བྱ་སྤྱོད་ཀྱི་རྒྱབ་ཏུ་བྱུང་བའི་མིའི་འཚོ་བའི་སྐོར་བྲིས་མེད། བོད་ཁུལ་ཡོངས་ལ་དེ་མཚུངས་ཀྱི་བརྗོད་བྱ་གཙོ་བོར་བཟུང་ནས་བྲིས་པའི་བརྩམས་ཆོས་ཡང་དེ་ཙམ་མང་པོ་མཐོང་རྒྱུ་མེད། དེས་རྐྱེན་བརྩམས་སྒྲུང་འདི་གཉིས་ནི་མི་གཙོ་བོར་བཟུང་བའི་སྐྱེ་ཁམས་བརྩམས་ཆོས་ཡིན་ལ་རྩོམ་པ་པོ་གཉིས་ཀྱི་མིག་རྒྱང་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ཡང་མཐོང་ཐུབ།
བརྩམས་སྒྲུང་འདི་གཉིས་ཀས་སྐྱེ་ཁམས་གནས་སྤོ་བྱས་པའི་མི་གཙོ་བོར་བཟུང་ཡོད་ཀྱང་ཕྲ་ཞིབ་ཀྱི་བརྗོད་བྱར་ཁྱད་པར་དུ་མ་ཡོད། དེ་དག་ནི་བརྩམས་སྒྲུང་གི་དོན་བརྗོད་བྱེད་ཐབས་ནས་དཔྱད་ན་མངོན་ཐུབ་སྟེ། ཚེ་རིང་དོན་གྲུབ་ཀྱིས་གནམ་བདག་གི་མཐོང་སྣེ་བརྒྱུད་སངས་རྒྱས་ཚང་རྩྭ་ཐང་ནས་སྐྱེ་ཁམས་སྤོས་འབངས་སྡེ་བར་སྤོས་པའི་གོང་མཇུག་གི་གནད་དོན་ཆ་ཚང་བར་ངོ་སྤྱོད་བྱས་ཡོད། བརྒྱུད་རིམ་དེའི་ཁྲོད་རྩོམ་པ་པོས་ཐོག་མར་སངས་རྒྱས་ཚང་གིས་གནས་སྤོའི་དོན་ངོ་མ་གང་ཡིན་པ་གསལ་པོ་མི་ཤེས་པ་དང་མི་ཚང་གཞན་གྱི་བྱ་སྤྱོད་ལ་མིག་དཔེ་བལྟས་ནས་རྫོང་ལ་སླེབས་རྗེས་ཁང་པ་གསར་པའི་བཀོད་པ་དང་གོང་རིམ་གྱི་སེམས་ཁུར་ལ་སོགས་པར་མི་ཚང་གི་རྒན་པོར་སེམས་འགུལ་ཚད་མེད་ཐེབས་པ་བརྗོད་ནས་གནས་སྤོ་བའི་ཐོག་མར་སངས་རྒྱས་ཚང་གི་སྤྱིའི་འཚོ་བ་ནི་སྤོས་འབངས་སྡེ་བའི་མིང་བཞིན་བདེ་སྐྱིད་ཡིན་ཁུལ་བཀོད་ཡོད། དེའི་རྗེས་ཀྱི་རྒན་པོ་ཁང་པ་ནས་ཕྱིར་ཐོན་མི་ཐུབ་པའམ་ཐོན་མི་ནུས་པའི་གནས་ཚུལ་དང་མི་ཚང་གིས་འཚོ་བའི་ཉེར་སྤྱོད་དངོས་རྫས་དག་སྔར་བཞིན་རང་མཁོ་རང་སྒྲུབ་བྱེད་མི་ཐུབ་པ་བྲིས་ནས་སངས་རྒྱས་ཚང་གི་ད་ལྟའི་འཚོ་བ་དང་རྩྭ་ཐང་གི་འཚོ་བ་གཉིས་ལ་བསྡུར་བ་བྱས་ནས་བཀོད། ཁང་པ་ཚང་མའི་སྤུས་ཚད་མི་ལེགས་པ་དང་ཉམས་གསོའི་ལས་ཀ་སྤུས་མི་དག་པ་བཅས་ཟུར་ཟ་དང་དགོད་བྲོ་བའི་ཐབས་ཀྱིས་མངོན་པ་ནི་བརྩམས་སྒྲུང་ཧྲིལ་པོའི་མཐོ་རླབས་སུ་གྱུར་ཡོད་ལ་མཐར་གནད་དོན་དེ་དག་གིས་རྐྱེན་པས་སངས་རྒྱས་ཚང་གི་ཕྲུ་གུ་གཅིག་པོ་དེ་ལྔ་པའི་ལམ་དུ་སྐྱེལ་བ་བྲིས་པ་དང“རྟ་མེད་པར་སྒ་ཡིས་ཅི་ཞིག་བྱེད”ཞེས་པ། རྟ་སྒ་འཚོང་འདོད་མེད་པ་ནས་རང་འགུལ་གྱིས་བཙོངས་པའི་འགྱུར་ལྡོག སྐྱེ་ཁམས་སྤོས་འབངས་སྡེ་བར་གྲྭ་ལོག་དང་རྐུན་མ། སྨད་འཚོང་མ་དུ་མ་བྱུང་བ་ལ་སོགས་བྲིས་ནས་རྩོམ་པ་པོས་ཕྱི་ཚུལ་རིང་ལུགས་ཀྱི་སྐྱེ་ཁམས་གནས་སྤོའི་བྱ་སྤྱོད་ལ་ཟུར་ཟ་དང་སུན་འབྱིན་བྱས་ཤིང་། དེས་རྐྱེན་པས་འབྲོག་པའི་འཚོ་བ་དང་རང་གཤིས་ལ་ཡང་ཤུགས་རྐྱེན་ཐེབས་པའི་གནད་དོན་ལ་དོ་ཁུར་བྱས་ཡོད། བརྩམས་སྒྲུང་དུ་ཟུར་ཟ་དང་གཤིབ་བསྡུར། བསྡུས་བརྗོད་ལ་སོགས་ཀྱི་ཐབས་ནས་བརྩམས་སྒྲུང་གི་འགལ་ཟླ་མཚོན་ལ་ཚེ་རིང་དོན་གྲུབ་ཀྱིས་བརྩམས་སྒྲུང་འདིའི་ནང་དུ་ཡུད་ཧཱ(余华)ཡི་བརྩམས་སྒྲུང་དུ་མངོན་པའི་སྤྱི་ཚོགས་ཏེ་ཡ་མ་བརླ་ཅན་དང་སྐྱི་གཡའ་བའི་ཁྱད་ཆོས་མངོན་པའི་སྤྱི་ཚོགས་ཤིག་བྲིས་ཡོད། དེས་མ་ཚད་བརྩམས་སྒྲུང་དེའི་ནང་དུ་རྩོམ་པ་པོས་གཙོ་བོར་བཟུང་བའི་ཁྱིམ་ཚང་ནི་ཕྱི་ཚུལ་རིང་ལུགས་ཀྱི་སྐྱེ་ཁམས་གནས་སྤོའི་ངན་འབྲས་འོག་ཏུ་བར་ཆད་ཚད་མེད་འཕྲད་པ་བརྗོད་ནས་སྲིད་ཇུས་ལག་བསྟར་དང་འབྲོག་པ་སོ་སོའི་གདམ་ཀའི་སྐོར་ལ་བསམ་གཞིག་བྱས་པ་ཡང་མངོན་གསལ་རེད།
ཚེ་རིང་ནོར་བུས་འབོད་པའི་ཐ་སྙད་དང་པོ་བེད་སྤྱད་ནས“ང”དང་བྱང་ཐང་ནས་ལྷ་སར་སྐྱེ་ཁམས་གནས་སྤོ་བྱས་ནས་ཡོང་བའི་འབྲོག་པའི་བགྲོ་གླེང་ཁུངས་སྣེ་གཙོ་བོར་བཞག་པ་དང་། “ངས”བྱང་ཐང་ལ་འཛིན་པའི་ལྟ་ཚུལ་དང་། གཅུང་པོའི་ལོ་རྒྱུས། ལས་རོགས་ཀྱི་ལྟ་སྟངས་ལ་སོགས་ཕྱོགས་མང་པོའི་ཐོག་ནས་འབྲོག་པ་རྡོ་མགོན་ཕ་ཡུལ་ནས་བྲལ་བའི་དོན་དག་དང་ལྷ་སར་སླེབས་རྗེས་ཀྱི་གནས་སྟངས་སོགས་རགས་རིམ་ཙམ་ངོ་སྤྲོད་བྱས་ཡོད་ལ“ངས”བྱང་ཐང་དང་རྡོ་མགོན་འདྲ་བའི་གནས་སྤོ་བར་འཛིན་པའི་ལྟ་བ་དང་རྡོ་མགོན་རང་ཉིད་ཀྱི་བསམ་ཚུལ་གཉིས་ཀྱི་ཁྱད་པར་ལས་བརྩམས་སྒྲུང་གི་འགལ་ཟླ་གཙོ་བོ་ཞིག་གྲུབ་ཡོད། “ངའི”བསམ་བློའི་ནང་གི་བྱང་ཐང་ནི་རྒྱ་ཆེ་ལ་མཛེས་པ། ལྷད་མེད་པའི་གནས་གཙང་མ་ཞིག་ཡིན་པ་དང་། རྡོ་མགོན་འདྲ་བར་ལྷ་སར་གནས་སྤོས་པའི་མི་རྣམས་ནི་སྲིད་གཞུང་གིས་ཁོར་ཡུག་འཕྲོད་བསྟེན་གྱི་ལས་གནས་སྤྲད་ནའང་ཕ་ཡུལ་དང་བྲལ་བས་འཚོ་བར་དཀའ་ངལ་དུ་མ་ཡོད་སྲིད་བསམ་ནས་སྙིང་རྗེ་སྐྱེས་ཀྱང་། དོན་དངོས་ཐོག་རྡོ་མགོན་གྱིས་མ་གཞི་ཕ་ཡུལ་ནི་གྲང་ངར་ཆེ་བ་དང་ཁོར་ཡུལ་རྩུབ་པ། འཚོ་བ་སྟབས་བདེ་དེ་ཙམ་མེད་པས་གྲོང་ཁྱེར་ཀྱི་འཚོ་བ་ཡང་སྡུག་པོ་མེད་པར་དེ་བས་བཟང་ལུགས་བཤད་ཡོད། བརྒྱུད་རིམ་དེའི་ཁྲོད་དུ་རྩོམ་པ་པོས་གནས་སྤོ་བ་དང་ཕྱི་མི་གཉིས་ཀྱི་མཐོང་སྣེ་ནས་མི་དེ་དག་ཡུལ་ནས་བྲལ་བའི་གནད་དོན་གྱི་ལྟ་སྟངས་བཀོད། དེ་ནས་བརྩམས་སྒྲུང་འདིའི་ནང་གི་འགལ་ཟླ་གཞན་ཞིག་ནི《ཝ་ནག་ལུང་བ》དང་འདྲ་བར་རྒན་འཁོགས་ཀྱིས་གཙོས་པའི་མི་འགའ་ཞིག་ནི་སླར་ཡང་ཕ་ཡུལ་ལ་ཞེན་ཆགས་ཆེ་ཡང་ལོག་ཐབས་མེད་པའི་སྐྱོ་བ་བྲིས་ཡོད། འོན་ཀྱང《ཁྱེད་ཀྱི་ཕ་ཡུལ》ནང་དུ་ཟུར་ཟ་དང་སུན་འབྱིན་གྱི་རྣམ་འགྱུར་མེད་པར“ང”དང་གཅུང་པོ། རྡོ་མགོན་བཅས་ཀྱིས་བྱང་ཐང་དང་གནས་སྤོ་བའི་གནས་བབ་དང་ཕུགས་ཀྱི་འགྲོ་ཕྱོགས་སྐོར་གྱི་བསམ་ཚུལ་བྲིས་ནས་ཁོར་ཡུག་སྲུང་སྐྱོབ་བྱ་བཞག་སྤེལ་བཞིན་པའི་སྐབས་སུ་མི་འགའ་ཞིག་གིས་ཕ་ཡུལ་དང་བྲལ་བའི་བློས་གཏོང་བྱེད་དགོས་པ་དང་། ཡང་བློས་གཏོང་ནི་ཕུགས་ལ་ཕན་པའི་ལས་དོན་ཞིག་ཡིན་པས་འགལ་ཟླའི་རང་བཞིན་ཡོད་པ་དང་། བློས་གཏོང་གི་སྐབས་སུ་ཡུལ་སོ་སོའི་ཁྱད་ཆོས་ལྡན་པའི་རིག་གནས་ག་ལེར་བོར་བརླག་འགྲོ་བཞིན་ཡོད་པའི་སེམས་ཁྲལ་ཡང་མངོན།
གཉིས། རྒན་གཞོན་གཉིས་ཀྱི་ཚབ་མཚོན་རང་བཞིན།
བརྩམས་སྒྲུང་གཉིས་ཀས་སྐྱེ་ཁམས་གནས་སྤོའི་དགེ་སྐྱོན་གྱི་སྐོར་ལ་བསམ་དུས་རྒན་གཞོན་གཉིས་ཀྱི་སྣང་བརྙན་གསར་དུ་བཞེངས་ནས་འགལ་ཟླ་མཚོན་ཡོད། སྣང་བརྙན་གྱི་ཚབ་མཚོན་རང་བཞིན་མ་གླེང་གོང་དུ་བརྩམས་སྒྲུང་གཉིས་ཀྱི་ཁྱིམ་ཚང་གཉིས་པོའི་ཁྱིམ་མིར་དབྱེ་ན་རྒན་དར་གཞོན་གསུམ་ཡོད་དེ། འཇམ་དབྱངས་དང་རྡོ་མགོན་གྱི་ཨ་མས་མཚོན་པའི་ཁྱིམ་ཚང་གི་རྒན་འཁོགས་དང་སངས་རྒྱས་དང་རྡོ་མགོན་གྱིས་མཚོན་པའི་ཁྱིམ་འཛིན་ནམ་ཁྱིམ་གྱི་བདག་པོ། ལྷ་རིས་སྐྱིད་དང་རྡོ་མགོན་གྱི་ཕྲུ་གུས་མཚོན་པའི་ན་གཞོན་བཅས་ཡིན། སྐྱེ་ཁམས་གནས་སྤོའི་དོན་དག་ཐོག་རྒན་འཁོགས་དང་ཕྲུ་གུ་དག་ནི་ཁྱིམ་ཚང་གི་དོན་དག་ཐག་གཅོད་པའི་དབང་ཆ་དང་ནུས་པ་མེད་ལ་ཁྱིམ་ཚང་འགན་ཁྲི་ཡང་མང་པོ་མེད། དེས་རྐྱེན་ཁྱིམ་ཚང་གི་རྒན་འཁོགས་དང་ཕྲུ་གུས་མཚོན་པའི་ཚོགས་པ་ནི་ཅུང་གཞན་དབང་གིས་གནས་སྤོ་བྱས་པ་ཡིན་པས་ཚོགས་པ་དེ་གཉིས་ཀྱིས་སྐྱེ་ཁམས་གནས་སྤོར་འཛིན་པའི་རྣམ་འགྱུར་དང་སྐྱེ་ཁམས་གནས་སྤོས་ཚོགས་པ་དེ་གཉིས་ལ་ཐེབས་པའི་ཤུགས་རྐྱེན་ནི་ཁ་གསལ་བ་དང་བརྗོད་སླ་བ་ཞིག་ཡིན། མ་ཚད་བརྩམས་སྒྲུང་གཉིས་ཀའི་ནང་དུ་རྒན་གཞོན་གཉིས་ལ་ཐེབས་པའི་ཤུགས་རྐྱེན་ནི་སྤྱིར་ལྡོག་ཕྱོགས་སུ་འགྱུར་ཡོད་པས་བརྩམས་སྒྲུང་གཉིས་ཀྱི་རྒན་གཞོན་སྣང་བརྙན་ལ་ཡང་ཚབ་མཚོན་རང་བཞིན་དང་ལྡན་ཡོད།
སྤྱིར་བརྩམས་སྒྲུང་དེ་གཉིས་སུ་རྒན་པོའི་སྣང་བརྙན་ནི་སྐྱེ་ཁམས་གནས་སྤོ་བྱ་དང་མ་བྱས་སྔ་རྗེས་ཀྱི་འགྱུར་བ་དང་གནའ་དེང་གི་འབྲེལ་བ། གནས་སྤོ་བས་ཕ་ཡུལ་ལ་ཞེན་ཆགས་པའི་འདུ་ཤེས་སོགས་ཀྱི་མཚོན་བྱེད་ཡིན། 《ཝ་ནག་ལུང་བ》ཡི་ནང་དུ་འཇམ་དབྱངས་ཀྱིས་མི་ཚེ་གང་པོ་རྩྭ་ཐང་དུ་སྐྱེལ་བ་དང་མཐར་ངལ་རྩོལ་ནུས་ཤུགས་ཉམས་ལ་བྱ་དངོས་གསར་པ་དང་ལེན་བྱ་དཀའ་བའི་ལོ་ཚོད་ལ་སླེབས་དུས་གློ་བུར་དུ་རྩྭ་ཐང་དང་ཕྱུགས་ཟོག སྦྲ་གུར་དོར་ནས་ཟིང་ཆ་དོད་ལ་ཧ་ལམ་ངོ་མི་ཤེས་པའི་ཁོར་ཡུག་ཅིག་ལ་སླེབས་ནས་ཟ་འཐུང་གི་ཆ་རྐྱེན་ཡང་ཞན་དུ་འགྲོ་དུས་གནས་སྤོའི་དོན་དག་འདི་རྒན་པོའི་ངོས་ནས་བརྗོད་ན་ཤིན་ཏུ་ཡ་ང་བ་ཞིག་ཡིན་པ་ཁ་གསལ་རེད། མ་གཞི་བརྩམས་སྒྲུང་དུ་འཇམ་དབྱངས་ཀྱིས་ཕ་ཡུལ་ལ་ལོག་འདོད་པའི་སྐད་ཆ་བཤད་མེད་ཀྱང་ཉིན་རེ་ནས་ཉིན་རེར་སྐད་ཆ་ཇེ་ཉུང་དུ་སོང་བ་དང་ཧོན་ལོག་པ་ནི་ཕ་ཡུལ་བྲལ་བ་དང་ཁོར་ཡུལ་གསར་པར་མི་གོམས་པའི་འབྲས་བུ་ཡིན། 《ཁྱེད་ཀྱི་ཕ་ཡུལ》ནང་དུ་ཡང་རྡོ་མགོན་གྱི་ཨ་མས་ཕ་ཡུལ་དང་བྲལ་ལ་ཉེ་བའི་དུས་སུ་མིག་ཆུ་དུ་མ་ལྷུང་བ་དང་ལྷ་སར་སླེབས་རྗེས་ཐོག་མར་ཆོས་སྐོར་ལ་ཕྱིན་ཀྱང་མཐར་འཇམ་དབྱངས་དང་འདྲ་བར་ཁྱིམ་ནས་ཕྱིར་མ་ཐོན་པར་བསྡད་པ་དང་ལུས་པོ་ཡང་མི་བདེ་བར་འགྱུར་ཡོད། “ང་གནས་འདིར་ཆགས་མི་ཐུབ།” “(ཨ་མ)ཐོར་མར་སྐོར་བར་སོང་ཡང་དུས་ཚོད་རིང་པོ་སོང་རྗེས་ཕྱིར་ལོག་པའི་བསམ་བློ་མ་གཏོགས་མེད།”ཟེར་བའི་སྐད་ཆ་དག་ནི་རྒན་འཁོགས་ཀྱི་རེ་འདུན་ངོ་མ་ཡིན་པ་དང་གནས་སྤོ་བའི་ཕ་ཡུལ་དྲན་པའི་འདུ་ཤེས་མཚོན་པའི་སྐད་ཆ་ཡང་ཡིན།
རྒན་འཁོགས་དང་མི་འདྲ་བར་ཕྲུ་གུ་རྣམས་ནི་སྤྱིར་ཁོར་ཡུག་གསར་པ་དང་ལེན་བྱ་སླ་བ་དང་བྱ་དངོས་གསར་པ་དང་ཟིང་ཆ་དོད་པར་དགའ་བ་ཞིག་ཡིན་པས་རྒན་འཁོགས་དང་བསྡུར་ན་ཁོ་ཚོ་དང་ཕ་ཡུལ་བར་གྱི་འབྲེལ་བ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་ནི་དེ་ཙམ་མི་ཟབ། དེས་རྐྱེན་བརྩམས་སྒྲུང་གཉིས་ཀྱི་ནང་དུ་ཕྲུ་གུའི་སྣང་བརྙན་དང་བསམ་བློ་ནི་རྒན་འཁོགས་དང་ཁྱད་པར་ཆེན་པོ་ཡོད་དེ《ཝ་ནག་ལུང་བའི》ནང་ལྷ་རིས་སྐྱིད་ཀྱིས་རྒྱ་བོད་སྐད་གཉིས་འདྲེས་ཀྱིས་རྫོང་གི་གསར་འགྱུར་བཤད་དུས་མོ་ནི་ཁོར་ཡུག་གསར་པར་ཡོངས་སུ་ཞུགས་པ་མཚོན་ཐུབ་ལ། 《ཁྱེད་ཀྱི་ཕ་ཡུལ》དུ་རྡོ་མགོན་གྱིས“ཕྲུ་གུ་ཚོ་ལ་ཡེ་རྩྭ་ཐང་དུ་ལོག་མི་སྲིད། ཁོ་ཚོ་གྲོང་ཁྱེར་གྱི་འཚོ་བར་རྦད་དེ་གོམས་ཟིན།”ཞེས་པ་དང་། ཁོའི་ཕྲུ་གུ་གཉིས་ཀར་གྲོང་ཁྱེར་གྱི་སློབ་གྲྭར་འགྲིམས་པའི་གོ་སྐབས་བྱུང་བ་ལས་ཁྱིམ་ཚང་གི་ཕྲུ་གུ་ཡི་ངོས་ནས་བརྗོད་ན་སྐྱེ་ཁམས་གནས་སྤོ་ནི་སྡུག་རྒྱུ་མེད་པའི་བྱ་བཞག་ཅིག་ཡིན། ཕྲུ་གུའི་མཐོང་སྣེ་ནས་མཐོང་བའི་སྐྱེ་ཁམས་གནས་སྤོ་ཡི་ལེགས་ཆ་ནི་གནས་སྤོ་བ་ཀུན་ལ་ཐོབ་ཡོད་དེ། སྨན་ཁང་དང་སློབ་གྲྭ་ལ་སོགས་སྤྱི་ཚོགས་ཀྱི་རྨང་གཞིའི་དགོས་ཆས་ཆ་ཚང་དུ་སོང་བ་ལ་སོགས་ཡིན་པས་ཕྲུ་གུའི་སྣང་བརྙན་ལ་ཡང་ཚབ་མཚོན་རང་བཞིན་ཡོད་ཞེས་བརྗོད།
བརྩམས་སྒྲུང་གཉིས་སུ་རྒན་གཞོན་གྱིས་གནས་སྤོའི་ལས་དོན་གྱི་དགེ་སྐྱོན་གཉིས་ཀ་མཚོན་དུས་ཝ་ནག་ལུང་བའི་སངས་རྒྱས་ཚང་དང་བོད་བྱང་ཐང་གི་རྡོ་མགོན་གཉིས་ཀས་དཀའ་ངལ་དང་བར་ཆད་དག་སེལ་གང་ཐུབ་བྱས་ནས་གནས་གསར་པར་མུ་མཐུད་འཚོ་བའི་རྒྱུ་རྐྱེན་གཙོ་བོ་ནི་མི་རབས་རྗེས་མ་སྟེ་ཕྲུ་གུ་རྣམས་ཀྱི་མདུན་ལམ་ཆེད་དུ་ཡིན་ལ། ཕྲུ་གུ་དག་ཀྱང་ཁྱིམ་ཚང་སོ་སོའི་རེ་བ་བཅོལ་སར་འགྱུར་ཡོད། སངས་རྒྱས་ཚང་བདེ་སྐྱིད་སྤོས་འབངས་སྡེ་བར་མུ་མཐུད་བསྡད་དོན་ནི་ལྷ་རིས་སྐྱིད་སློབ་གྲྭར་འགྲོ་དགོས་པས་ཡིན་ལ། རྡོ་མགོན་གྱིས་རང་གི་ཨ་མའི་ཞུ་བར་ཁས་མི་ལེན་པར“ཕྲུ་གུ་གཉིས་ངེས་པར་དུ་གྲོང་ཁྱེར་མི་ཆགས་སུ་འཇུག་རྒྱུ་ཡིན།”ཞེས་པ་ལས་ཕ་ས་ཕ་ཡུལ་བྲལ་ནས་ཡོང་བའི་གནས་སྤོ་བ་རྣམས་ཀྱིས་ཕྲུ་གུ་དག་སླད་ཕྱིན་གྱི་རེ་བ་བཅོལ་སར་བརྩིས་ཡོད་པ་ཤེས་ཐུབ། འོན་ཀྱང《ཝ་ནག་ལུང་བར》ཚེ་རིང་དོན་གྲུབ་ཀྱིས་ཆེས་མཐའ་མའི་རེ་བ་བཅོལ་ས་དེ་ཡང་ཕྱི་ཚུལ་རིང་ལུགས་ཀྱི་སྐྱེ་ཁམས་གནས་སྤོ་དང་སྤུས་མེད་སློབ་ཁང་གིས་སྲོག་འཕྲོག་པ་བྲིས་ནས་བརྩམས་སྒྲུང་གི་ཟུར་ཟ་དང་སྐྱོ་གར་མཐར་བསྐྱལ་ཡོད།
གོང་དུ་བརྗོད་པ་བཞིན། བརྩམས་སྒྲུང་དེ་གཉིས་ཀྱི་ནང་དུ་རྒན་གཞོན་མི་རབས་གཉིས་ཀྱིས་གནས་སྤོ་བའི་འཚོ་བ་གསར་པ་ཡི་དགེ་སྐྱོན་མཚོན་ཡོད་ལ། སྤྱིར་མི་རབས་རྗེས་མ་ནི་གནས་སྤོ་བའི་རེ་བ་བཅོལ་ས་ཞིག་ཏུ་འགྱུར་ཡོད། འདི་ནི་མིའི་རིགས་མ་ཚད་སྲོག་ཆགས་ཀུན་གྱི་འགྲོ་སྟངས་བཞིན་འཚོ་བའི་གོ་སྐབས་སམ་འཚོ་བའི་ཆ་རྐྱེན་རྗེས་རབས་ལ་སྦྱིན་པ་དང་ཆ་འདྲ་ཡིན། འོ་ན《ཁྱེད་ཀྱི་ཕ་ཡུལ》ནང་གི་རྡོ་མགོན་བཞིན་རྒན་འཁོགས་ཀྱི་རེ་བར་སྣང་འཇོག་མ་བྱས་པར་རྗེས་རབས་ཀྱི་མདུན་ལམ་གཅིག་པོར་བསམ་པ་དེ་མགྲིག་དང་མི་མགྲིག་བརྗོད་ཐུབ་བམ། ཚེ་རིང་ནོར་བུས་བརྩམས་སྒྲུང་དེ་བྲིས་པའི་གསར་རྩོམ་མྱོང་བ་གླེང་དུས་གནད་དོན་འདིར་ལན་ཞིག་འདེབས་ཡོད་དེ“ཐེངས་ཤིག་ངས་སྲིད་གཞུང་གི་ལས་མི་ཞིག་དང་ཁོ་ཚོའི(གནས་སྤོ་བ)ཕུགས་དོན་སྐོར་ལ་གླེང་མྱོང་། ཆེས་མཇུག་ཏུ་ལས་མི་འདིས‘མི་རབས་འདིས་བློས་གཏོང་བྱས་ནས་མི་རབས་རྗེས་མར་གོ་སྐབས་སྦྱིན་རྒྱུ་ལས་མེད’ཅེས་བཤད”ཅེས་པ་དེ་རེད། མ་གཞི་སྐད་ཆ་འདི་ཡང་ཡོངས་སུ་ཡང་དག་པའི་ལན་ཞིག་ཡིན་མིན་བཤད་དཀའ་ཡང་ང་ཚོར་གནས་ཚུལ་བསམ་གཞིག་བྱེད་པའི་ཁ་ཕྱོགས་ཤིག་བསྟན་ཡོད། ཐོག་མར་ང་ཚོས་ཤེས་དགོས་པ་ནི་སྐྱེ་ཁམས་གནས་སྤོའི་ལས་དོན་གྱི་དམིགས་ཡུལ་གཙོ་བོ་ནི་ཁོར་ཡུལ་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་པ་དང་ཁོར་ཡུག་སྲུང་སྐྱོབ་ནི་གཅིག་ནས་རང་བྱུང་གནོད་འཚེ་དང་ས་གནས་སོ་སོའི་ས་གཤིས་བཟང་ངན་དང་འབྲེལ་བ་ཡོད། རྒྱུ་མཚན་གཞན་ཞིག་ནི་མིའི་རིགས་ཀྱིས་ལོ་རབས་དུ་མའི་ནང་དུ་ཁོར་ཡུལ་ལ་གཏོར་བཤིག་དང་གནོད་འཚེ་བཏང་བ་དང་འབྲེལ།(དེའི་ནང་དུ་མི་ཕྱུགས་ཀྱི་གྲངས་འབོར་ལོ་རེ་ནས་ལོ་རེར་ཇེ་མང་དུ་སོང་བ་ཡང་ཚུད)དེས་རྐྱེན་སྐྱེ་ཁམས་གནས་སྤོ་ནི་ཁོར་ཡུལ་སྲུང་སྐྱོབ་བྱ་བཞག་གི་བྱེ་བྲག་ཞིག་ཡིན་པ་དང་། སྐབས་འགར་ཡུལ་ཤིན་ཏུ་རྩུབ་པ་དང་དབུལ་བའི་གནས་ཀྱི་མི་རྣམས་ལ་གནས་སྤོའི་དགོས་པ་ཡང་ཡོད་སྲིད། འོན་ཀྱང་ཁོར་ཡུག་སྲུང་སྐྱོབ་ཅེས་མིའི་རིགས་ཀུན་ལ་ཕན་པའི་བྱ་བཞག་གི་དོན་དུ་མི་འགའ་ཞིག་གི་ཁེ་ཕན་བློས་གཏོང་བ་ནི་དོན་དངོས་ཡིན། དེ་ཡང་འཛམ་གླིང་ལོ་རྒྱུས་ཀྱི་འགྲོ་སྟངས་ཡིན། དོན་དངོས་ཐོག་སངས་རྒྱས་ཚང་དང་རྡོ་མགོན་ཚང་ལ་མ་གཞི་ནས་ཕྱིར་ལོག་པའི་ལམ་མེད་དེ་ཝ་ནག་ལུང་བ་ནི་རྡོ་ནག་གོང་ཆེན་དག་བླངས་སར་འགྱུར་ཅིང་རྡོ་མགོན་ཚང་ལ་ཕྱུགས་དང་སྦྲ་ཡང་མེད། ཚེ་རིང་ནོར་བུའི་སྨྱུག་འོག་གི་རྡོ་མགོན་ལ་ད་དུང་གཞུང་ནས་ལས་གནས་སྦྱིན་ཡོད། འོན་ཀྱང་ཚེ་རིང་དོན་གྲུབ་ཀྱི་སངས་རྒྱས་ཚང་ལ་རྩྭ་སའི་ཁ་གསབ་ཀྱི་སྒོར་མོ་ལག་ཏུ་འབྱོར་མེད་པ་མ་ཟད། ཕྱི་ཚུལ་རིང་ལུགས་ཀྱི་སྤོས་འབངས་སྡེ་བ་དང་སྤུས་མེད་སློབ་ཁང་གིས་ཁོ་ཚང་ལ་བར་ཆད་ཚད་ལས་འདས་པ་བཟོས་པས་སྐྱི་གཡའ་བའི་གནད་དོན་དེ་དག་ལ་ཡང་བསམ་གཞིག་བྱེད་དགོས་ངེས་རེད།
གསུམ། རིག་གནས་སྐྱེ་ཁམས་ཉེན་འགག་ཀྱི་དོ་ཁུར།
“རིག་གནས་སྐྱེ་ཁམས་ནི་མིའི་རིགས་དང་རིག་གནས་བར་ཕན་ཚུན་འབྲེལ་ཏེ་གནས་པའི་རྣམ་པར་གོ མིའི་རང་བྱུང་གི་ངོ་བོ་དང་རིག་གནས་ངོ་བོའི་འབྲེལ་བ་ཡང་དེའི་ནང་དུ་ཚུད་ཡོད། དེ་ནི་རང་བྱུང་ཁམས་ཀྱི་བྱ་དངོས་ཀུན་ཕན་ཚུན་འབྲེལ་བ་དང་འདྲ་བར། གཅིག་ལ་གཅིག་བརྟེན་དང་གཅིག་གིས་གཅིག་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ་སྐྱེ་ཁམས་རང་བཞིན་གྱི་ཁྱད་ཆོས་ཤིག་མངོན”རིག་གནས་ཀྱི་བྱུང་འཕེལ་ནི་ཁོར་ཡུག་ངེས་ཅན་གྱི་འོག་ཏུ་གོ་རིམ་དང་ཆོས་ཉིད་ཡོད་པའི་སྒོ་ནས་བྱུང་བ་ཞིག་ཡིན་པ་གདོན་མི་ཟ། དེ་བཞིན་ཁོར་ཡུག་དང་གོ་རིམ་ལ་གཏོར་སྐྱོན་བྱུང་ཚེ་རིག་གནས་སྐྱེ་ཁམས་ཀྱི་ཞི་བདེའི་འཕེལ་ཕྱོགས་བཀྲུག་སྲིད་ལ་རིག་གནས་ཤིག་ཉམས་པའི་ཉེན་ཁ་ཡང་ཡོད། བརྩམས་སྒྲུང《ཝ་ནག་ལུང་བ》དང《ཁྱེད་ཀྱི་ཕ་ཡུལ》གཉིས་ཀྱིས་རང་བྱུང་སྐྱེ་ཁམས་ཀྱི་གནད་དོན་ལ་དོ་སྣང་བྱས་ཡོད་ཅིང་། སྐྱེ་ཁམས་གནས་སྤོ་བྱས་པའི་མིའི་འཚོ་བ་གཙོར་བཟུང་ནས་རིག་གནས་སྐྱེ་ཁམས་ཀྱི་གནད་དོན་ལ་ཡང་དོ་ཁུར་བྱས་ཡོད།
བརྩམས་སྒྲུང་གཉིས་ཀྱི་ནང་དུ་བྲིས་པའི་གནས་སྤོ་མཁན་གྱི་ཁྱིམ་ཚང་གཉིས་ཀ་འབྲོག་པའི་ཁྱིམ་ཚང་ཡིན་ལ་རྫོང་དང་ལྷ་སར་གནས་སྤོ་བའི་ཕྱིར་ཕྱུགས་ཟོག་བཙོངས་པ་དང་འབྲོག་པའི་འཚོ་བ་ཡོངས་སུ་སྤངས། འདི་དང་འབྲེལ་བར་རྒན་རབས་དག་དལ་གྱིས་རྒས་པ་དང་ཚེ་ལས་འདས་ཚེ་འབྲོག་པའི་རིག་གནས་ཀྱང་རྩྭ་ཐང་དང་ཕྱུགས་ཟོག་བྲལ་བས་དལ་པོར་ཉམས་འགྲོ་རྒྱུ་ནི་སུས་ཀྱང་ཤེས་བཞིན་དུ་གང་བྱེད་འདི་བྱེད་མེད་པའི་གནས་བབ་སུ་འགྱུར་ཡོད། 《ཝ་ནག་ལུང་བའི》ནང་དུ་འབྲོག་པའི་རིག་གནས་མཚོན་བྱེད་ཁ་གསལ་ཤོས་ནི་སྒོ་ཁྱི་དང་སངས་རྒྱས་ཀྱི་རྟ་སྒ་དེ་ཡིན་ཏེ། སངས་རྒྱས་ཚང་སྤོས་འབངས་སྡེ་བར་སླེབས་པའི་ཉིན་དང་པོའི་མཚན་མོར་ཁོ་ཚོ་དང་ལོ་མང་མཉམ་དུ་འཚོ་བ་དང་ནང་མི་དང་གཅིག་མཚུངས་ཡིན་པའི་སྒོ་ཁྱི་དེ་རྐུན་མས་རྐུས་པ་ནི་སངས་རྒྱས་ཚང་གིས་རྒྱུད་འཛིན་པའི་འབྲོག་པའི་རིག་གནས་ག་ལེར་གཞན་དབང་དུ་ཤོར་འགྲོ་བའི་སྔོན་བརྡ་ཞིག་དང་མཚུངས་ཤིང་། དེའི་རྗེས་སུ་སངས་རྒྱས་ཚང་གི་རྒན་འཁོགས་ཀྱང་ཁྱིམ་ཚང་གཞན་དང་འབྲེལ་བ་མང་པོ་མ་བྱས་པར་བརྙན་འཕྲིན་ལ་མགོ་འཁོར་ནས་བསྡད་ཀྱི་ཡོད་ལ། དེ་བས་འབྲོག་པའི་ཟ་འཐུང་རིག་གནས་མུ་མཐུད་སྤེལ་བསམ་ན་ཡང་མར་དང་འོ་མ་རྫུན་མ་རྐྱང་རྐྱང་བྱུང་བ་དང་། ཨོང་བ་ཉོ་འདོད་ཀྱང་འཚོང་མཁན་ཡང་མེད་པར་གོང་མཐོ་ལ་སྤུས་ཚད་མེད་པའི་རྡོ་སོལ་བེད་སྤྱད་པ་ལས་ཐབས་མེད་པའི་དོན་དག་གཅིག་མཇུག་གཉིས་མཐུད་ཀྱིས་ཐོན་ཡོད། དེའི་ཁྲོད་ནས་མཐར་སངས་རྒྱས་འུ་ཐུག་སྟེ་རྟ་སྒ་དེ་བཙོངས་པ་ནི་བསྡུས་བརྗོད་ཀྱི་དོན་སྙིང་དང་ལྡན་པ་བཞིན་དེ་སྔོན་གང་ཞིག་ཨུ་ཚུགས་མཐའ་འཁྱོལ་བྱས་པ་དེ་ད་ལྟ་མི་དོར་ཀ་མེད་བྱུང་བ་དང་འདྲ། གནད་དོན་དེ་དག་བྱུང་བའི་རྒྱུ་རྐྱེན་ནི་རྙོག་དྲ་ཆེ་བ་ཞིག་ཡིན་རུང་། འབྲོག་པའི་ཁྱིམ་ཚང་དེ་རྩྭ་ཐང་དང་བྲལ་བར་ཐད་ཀར་འབྲེལ་ལ་དེ་འབྲེལ་གྱི་རིག་གནས་ཡང་ག་ལེར་ཉམས་པ་དང་ཡལ་བ་ནི་རིག་གནས་ཁྱད་པར་ཅན་དེའི་བརྟེན་སའི་ཁོར་ཡུག་དང་བྲལ་ལ་མི་དང་རིག་གནས་ཀྱི་འབྲེལ་བ་ལ་གཏོར་སྐྱོན་ཐེབས་པ་དང་འབྲེལ་བ་ཡོད། མདོར་ན་རིག་གནས་ཁྱད་པར་ཅན་དེའི་རིག་གནས་སྐྱེ་ཁམས་ཀྱི་དཀྲུག་པས་ཡིན། ཚེ་རིང་དོན་གྲུབ་ཀྱིས་གཤིབ་བསྡུར་དང་བསྡུས་བརྗོད་ཀྱི་ཐབས་ལས་སྣང་ཚུལ་དེ་བསྟན་པ་དང་མི་འདྲ་བར་ཚེ་རིང་ནོར་བུས་བརྩམས་སྒྲུང་དུ་དངོས་སུ་ཁ་གསལ་གྱིས“ཡི་གེ་ལོ་གཉིས་ལས་སྦྱངས་མེད་པའི་འབྲོག་པ་ཞིག་གིས་ཡུལ་དེའི་ལྷ་སྒྲུང་དང་གཏམ་རྒྱུད། གཏམ་དཔེ་དུ་མ་ཞིག་བློར་འཛིན་ཐུབ་ཀྱང་ཁོའི་བུ་ཕྲུག་ནི་དེང་རབས་ཅན་གྱི་སློབ་གསོ་ཐོབ་པ་དང་ལྷན་དུ་སྲོལ་རྒྱུན་རིག་གནས་དེ་དག་དང་རྒྱང་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད། དེ་ནི་ང་ཚོའི་མི་རབས་ཀྱི་སྐྱོ་བ་ཆེ་ཤོས་དེ་ཡིན་ངེས།”ཞེས་བཀོད་ཡོད། བརྩམས་སྒྲུང་དུ་བྲིས་པ་བཞིན་རྩྭ་ཐང་དང་འབྲོག་པའི་འཚོ་བའི་ཁོར་ཡུག་འོག་ཡི་གེ་གཅིག་ཀྱང་མི་ཤེས་མཁན་ཡང་ཤེས་བྱའི་བང་མཛོད་དུ་འགྱུར་སྲིད། འོན་ཀྱང་ཁོར་ཡུག་ངེས་ཅན་དང་བྲལ་ཚེ་རིག་གནས་དག་རྒྱུན་འཛིན་བྱེད་མཁན་ཇེ་ཉུང་དུ་འགྲོ་སྲིད་ལ་དར་སྤེལ་བྱེད་སའི་ཆ་རྐྱེན་ཡང་ལེགས་པོ་ཞིག་ཡོང་མི་སྲིད།
ཚེ་རིང་དོན་གྲུབ་འབྲོག་པའི་འཚོ་བར་རྒྱུས་མངན་ཤིན་ཏུ་ཆེ་བས། བརྩམས་སྒྲུང་དུ་སངས་རྒྱས་ཚང་གནས་སྤོས་རྗེས་ཀྱི་འཚོ་བའི་འགྱུར་བ་གཙོ་བོར་བཞག་ནས་ཟ་འཐུང་དང་རྒྱུན་གྱི་འཚོ་བའི་རིག་གནས་ཀྱི་ཉེན་འགག་གཙོ་བོར་འཛིན་ནས་བྲིས་ཡོད། དེ་དང་མི་འདྲ་བར་ཚེ་རིང་ནོར་བུ་ནི་འབྲོག་པའི་འཚོ་བར་རྒྱུས་མངའ་དེ་ཙམ་མེད་པ་ཞིག་ཡིན་པ་ཤེས་གསལ་རེད། འོན་ཀྱང་རྩོམ་པ་པོས“ང”སྟེ་གྲོང་ཁྱེར་གྱི་ཤེས་ཡོན་ཅན་ཞིག་དང་གནས་སྤོས་ནས་ལྷ་སར་སླེབས་པའི་འབྲོག་པ་ཞིག་གི་བསམ་བློའི་ཁྱད་པར་དང་འགལ་ཟླ་བཀོད་ནས་གཟུགས་མེད་རིག་གནས་དག་གི་གལ་ཆེ་ལུགས་དང་རྒྱུན་འཛིན་ལ་བར་ཆད་འཕྲད་ལུགས་བྲིས།
འབྲོག་པའི་ཟ་འཐུང་རིག་གནས་དང་གཟུགས་མེད་རིག་གནས་གང་ཡིན་རུང་བྱུང་འཕེལ་གྱི་ཁོར་ཡུལ་དང་བྲལ་ཚེ་རིག་གནས་སྐྱེ་ཁམས་ཀྱི་ཞི་བདེའི་གནས་སྟངས་ལ་འགྱུར་བ་བྱུང་ནས་རིག་གནས་དར་སྤེལ་ལ་དཀའ་ཁག་བཟོ་ངེས། དེ་ཡང་བརྩམས་སྒྲུང་དུ་རྩོམ་པ་པོས་ཐབས་མི་འདྲ་བ་བེད་སྤྱད་ནས་མཚོན་ཡོད་ལ་ང་ཚོའི་མི་རབས་དང་མི་རབས་རྗེས་མས་ཀྱང་ངེས་པར་དོ་སྣང་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་ངེས་སོ།།
——2021ལོའི《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》དེབ་གསུམ་པ་ལས་བདམས།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།