མི།(སྙན་ཚོམ)
༼མགོའི་ལེ་ཚན།༽
ངོ༌།
མི་ངོ ལྷ་ངོ སྐུ་ངོ
སྒོར་ངོ གསེར་ངོ དངུལ་ངོ
རྐུབ་ངོ གཡོག་ངོ རྐུན་ངོ
ངོ་དང་ངོའི་འཇིག་རྟེན་ཡངས་ཤིང་ཆེ
ངོའི་སླད་ངོ་མང་གི་འཚང་ཁ་ཤིག་སེ
ངོའི་ཆེད་ངོ་མང་ལ་མཚལ་མདོག་ཤམ་མེ
ངོ་ཆེན ངོ་མེད ངོ་ཆུང
ངོ་སོ ངོ་རྒྱབ ངོ་མདུན
ངོ་ཤ ངོ་མདངས ངོ་མང
ངོ་དང་ངོས་བང་ཁ་འགྲན
ངོ་དང་ངོས་ཆོས་ཉིད་གྲུབ
ངོ་ཡ་མེད་ན་ངོ་གཞན་ཇི་ལྟར་འཚོ
ངོ་ཡ ངོ་སྡུག ངོ་རྫོགས
ངོ་སྔུན ངོ་བསྟོད ངོ་གཉིས
ངོ་གསུམ ངོ་བཞི ངོ་ལྔ
ངོ་མང་ངོ་མདོར་འདུས་ནས་ངོ་ཞིག་གླེང
ངོ་ཁེབས་ངོ་ཚར་གཡོགས་ཀྱིན་ངོ་མདུན་འགྲིམས
ངོ་མ་ངོ་རེར་ངོ་ལོག་རེ
ངོ་ཤའི་མཐུག་ཚད་ལ་གསུང་པོད་རེ
ཁ
ཁ་མང་ཁ་ནང་ཉུལ་ནས་ཁ་སྣ་སྐམ་ནའང
ཁ་ངོ་ཁ་སང་བཞིན་དོར་བར་དོགས་སྣང་ཡལ་ཞིང
ཁ་སྟབས་ཤིག་འཚོལ་ཞོར
ཁ་རུ་ཁ་ཐུག་གྱོན་ནས་ཁ་ཁུ་སིམ་པའི་འཚོ་བར་གྱེས་བརྡ་བཞག
ཁ་མ་ཁ་བདེར་གཟད་ཅིང་ཁ་འཛུམ་ཕྱོགས་མཐར་འཕྱོ
ཁ་བཙན ཁ་ལུང ཁ་རྫུ
ཁ་བ་ལྟར་དཀར་བ་བདེན་ཕྱིན
ཁ་འཕྲོ ཁ་ཤས ཁ་ཆད
ཁ་སྒོ་རུ་ནན་སྲུང་བགྱིས་ན
ཁ་རྗེ་མེད་ཀྱང་ཁ་རྨས་ལ་འཛེམས་དོན་ཅི་ཡོད
ཁ་ཟས་སླད་ཁ་ངོ་ཁ་འགྲམ་དུ་སླེབས་སྐབས
ཁ་ངན་ཚོར་ཁ་ཁོག་མེད་པའང་ཁ་རྒྱགས་མིན་མོད
ཁ་མང་རི་ན་རྒྱུ་ཞིང་ཁ་ཉུང་ནང་དུ་ཉལ
ཁ་སྟོང ཁ་ཚིག ཁ་རྒྱན
ཁ་ཆར་མེད་སར་རེ་ཞིང་སྙེག
སྣ
སྣ་ཁར་སྣ་ལུང་མཐོང
སྣ་མང་སྣ་ལོར་ཞེད
སྣ་སྣེ་རྡོ་བར་གདབ་བམ་གཞོལ
སྣ་བརྒྱའི་ཚོར་བ་ཧ་ཅང་སྐྱེན
སྣ་མེད་སྣ་རྐྱང་ལ་བུད་ཉིན
སྣ་མདོར་སྣ་གཅུ་ལྟར་འཁྱིལ་བའི
སྣ་རུ་དང་སྣ་ཐ་གང་དུ་འཇོག
སྣ་ཐིག་གིས་འཁྲིད་པའི་ཆོས་ཉིད་ཇི་ལྟར་བཟློག
སྣ་བོ་ཨང
སྣ་ཐུང སྣ་ཆེན སྣ་འདྲེན
སྣ་ཚོགས་ཤིག་སྣ་ཁར་འདུས
སྣ་རྐྱང་ཚོ་སྣ་ལོར་ཞེད
མིག
མིག་གིས་མིག་གཞན་ལ་ལྟ་སྐབས
མིག་གཅིག་མིག་མང་ཁྲོད
མིག་མཐའ་མིག་ཆུས་བརླན
མིག་མདངས་མིག་ཁ་ནས
མིག་བརྒྱའི་མིག་མཐར་ལྷུང
མིག་ཤེལ་ཞིག་མེད་ཉིན
མིག་སྟོན་མིག་སྐྱག་མིག་མེད་བཞིན
མིག་མདོ་བརྒྱུད་ནས་མིག་ལམ་འགྲིམས
མིག་གཉིས མིག་གསུམ མིག་སྟོང
མིག་དབང་ལ་བརྟེན་ནས་མིག་ཤེས་དུར་ཁྲོད་བསྒྲོན
རྣ
རྣ་འགྲམ་དུ་རྣ་བའི་དྲ་མིག་བསྣོལ
རྣ་བ་བླག་རིང་རྣ་ཅོག་གཉིས་རླུང་ལ་གཟད
རྣ་ཐོས་ཀྱང་རྣ་ཉེས་སུ་གྱུར་ཉིན
སྣ་སྒོའང་གཏན་ནམ་ཕྱི་ལ་བསྲིངས
རྣ་ལུང་མའི་ཕྱི་རྗེས་སུ་དཔྱངས་པའི
རྣ་དང་ཁས་བསླེས་པའི་རྟོགས་བརྗོད་མཚར་བོ
རྣ་ཅོག་མང་པོས་མུར་ཞིང་ཁ་ཤའི་ནང་བཤལ་རྗེས
རྣ་ཁའི་རྣམ་ཐར་གསོན་པོར་ད་གཟོད་ངེས་ཤེས་རྙེད
༼ལུས་ཀྱི་གྲུབ་ཚན༽
ལག་པ།
ལག་མང་གིས་བསྐྲུན་པའི་ལས་ཀར་ཕ་མཐའ་བྲལ
ལག་ཟུང་ལག་མཐིལ་ནས་བརྩམས་ཏེ་སྲིང་སྐབས
ལག་ཤེས ལག་ཟས ལག་རྩལ
ལག་བསྐོར་བཞིན་ཡུན་ནས་ཡུན་ལ་འཇུས
ལག་ཤོར ལག་ནོར ལག་རྗེས
ལག་མགོ་ནས་བཤུལ་ལམ་དུ་གཏོར་བཞིན
ལག་བྲིས་མ་འཛོལ་བའི་ལག་པ་ཞིག་ལ་ནམ་ཀུན་དུང
ལག་ཟུང་གིས་ལག་མང་ལ་བང་ཁ་འགྲན
ལག་པ་དང་ལག་པས་འཇིག་རྟེན་ཞིག་ཧྲིལ་གྱིས་བསྐོར
ལག་འོག་ཏུ་གློག་ཀླད་ཅིག ལག་ནང་དུ་སྨྱུ་གུ་ཞིག
རྐང་བ།
རྐང་སྣེ་རྒྱང་དུ་བསྲིངས་པ་ནས་བཟུང
རྐང་ཐང་ལ་རྐང་ལམ་མྱུལ
རྐང་འཁོར་རེ་རེ་རྐང་བཞིར་ཕབ
རྐང་དམག་ལྟར་བགྲོད་ཀྱིན་པའི་ཉིན་མཚན་ཁོར་མོར
རྐང་དུང་ངམ་རྐང་གླིང་བཀོལ་ནས
རྐང་མ་ཚུགས་པའི་བྱུང་བ་ཧྲིལ་བོ་གྱེར་སྙམ་འཁོལ
རྐང་འདྲེན་དུ་མི་འགྱུར་བའི་འཕག་འཚག་ཡིན་ནམ་ཅི
རྐང་བ་དང་རྐང་བ་གོམ་སྟབས་དལ་གྱིས་བསྡུར་སྐབས
རྐང་ཐུང་དང་རྐང་སྣམ་གང་རུང་མེད་ཀྱང་འཚེར་སྣང་གང
བཙང་ཁོག
དོན་ལྔའི་ལ་ཁར་སྨག་ཞགས་འཁྱིལ་རིང
སྣོད་དྲུག་ཆར་བས་བརླན་ཞིང་ཉི་འོད་དབེན
བྱང་ཁོག་གི་མུན་པའི་རྔམས་ཧ་ཅང་མཐོ་ནའང
རྟ་ཕོ་ལྕགས་རྨིག་ཅན་གྱི་བང་ལམ་དང
གཤག་གྲི་རྣོ་དབལ་ཅན་གྱི་ཁ་བསོད་ཨང
འབྱུང་བཞིའི་ཟས་སུ་བཙང་ཁོག་སྟོད་སྨད་གཉིས
ཕྱི་ལོ༢༠༠༤ལོའི་ཟླ༨པའི་ཚེས༤ནས་༡༣ཉིན།
རྩོམ་ཁུངས། ངེད་དྲ་བ།