ཕྱིར་དྲན་གྱི་ལོ་ཟླ།
ཤེལ་གྱི་མེ་ལོང་ལ་ཕབས་པའི།།
རྒས་གཉེར་རི་མོ་འདིར་བལྟས་ན།།
མི་ལོ་ཉེར་དགུ་ཡི་འཚོ་བ།།
འགྲེལ་བཤད་བསྐྱོན་དགོས་ཀྱང་མི་འདུག།
མི་ཡུལ་ས་མཐའ་ཡི་འཚོ་བ།།
སྐྱིད་དང་མ་སྐྱིད་ཀྱང་མི་ཞུ།།
ཤ་རུས་བརྩེ་དུང་གི་ལན་པས།།
སྦྲང་རྩིར་མངར་ཁ་རང་མི་འདུག།
གཙང་གི་ཨོ་ལོ་ཡང་ཟེར་མྱོང༌།།
དབུས་པའི་བུ་ཆུང་ཡང་ཟེར་མྱོང༌།།
ས་མཐའ་སྐོར་སྐབས་ལ་གཞིགས་ན།།
ཨ་མདོའི་ཞི་ལི་ཞིག་ཡིན་འདུག།
གཙང་གི་ཨོ་ལོ་ཡང་རྒས་སོང༌།།
དབུས་པའི་བུ་ཆུང་ཡང་འཁོགས་སོང༌།།
ཀུན་གྱིས་ཨ་ཇོ་ཞེས་འབོད་དུས།།
ཨ་མདོའི་རྒན་པོ་ཞིག་ཆགས་འདུག།
རྒན་པོ་རྒས་པོ་རང་ཆགས་ཀྱང༌།།
སྙན་ངག་རྒས་རྒྱུ་རང་མི་འདུག།
རྒས་མེད་སྙན་ངག་གི་གླུ་འདི།།
ཕ་ཡུལ་ཨ་མདོ་རུ་བཏང་ཆོག།
ཁ་བ་ལྷབ་ལྷུབ་ཏུ་འཁོར་ཡང༌།།
ཞྭ་མོ་ཟུར་གོན་ཞིག་བྱས་ཏེ།།
འབྲོག་གླུ་སངས་མོ་ཞིག་ལེན་དུས།།
རྫི་བོ་སྡུག་པོ་རང་མ་བྱུང༌།།
རྩོམ་ཁུངས། ངེད་དྲ་བ།