དགུ་གཅིག་གཅིག་འཇིགས་སྐུལ།
ཉིས་སྟོང་གཅིག་གི་ཟླ་དགུའི་བཅུ་གཅིག་ཉིན།།
འཚེ་བ་ཆོས་འདོད་ཨ་རབ་ཁ་ཆེ་ཚོས།།
སྙིང་ཁམས་ལྕགས་ལས་གྲུབ་པ་དྲག་སྤྱོད་ཀྱིས།།
སྟོབས་ལྡན་འཕྲུལ་གྱི་རྒྱལ་ཁམས་འདར་བར་བྱས།།
གློ་བུར་ཨ་སྔོན་ཡངས་པའི་མཐོངས་ཤིག་ནས།།
ནམ་མཁའི་གྲུ་ཆེན་ཟུང་གཅིག་ལྡིང་སྐོར་གྱིས།།
མཚར་སྡུག་ཉམས་རྫོགས་འཛམ་གླིང་ཚོང་དོན་གྱི།།
ལྟེ་བའི་ཁང་བརྩེགས་ཟུང་དེ་ས་ལ་ཕབ།།
ཐལ་རྡུལ་མེ་ལྕེའི་རྦ་རླབས་གཡོ་བའི་ཁྲོད།།
མི་རིགས་སྟོང་ཕྲག་དུ་མས་སྡུག་བསྔལ་གྱི།།
ངུ་འབོད་དྲག་པོས་གོ་ལ་ཟླུམ་པོའི་ཁྱོན།།
ཡོངས་བཀང་དམྱལ་བ་མི་ཡི་ཡུལ་ནས་མྱང༌།།
ཀྱེ་ཧུད་བདག་གི་སྙིང་སྡུག་གང་ན་ཡོད།།
ཕ་མ་བུ་ཕྲུག་གཉེན་ཉེ་སྤུན་མཆེད་གྲོགས།།
འཇིག་རྟེན་ཡལ་བར་བོར་ནས་ཕྱི་མའི་མཐའ།།
གློ་བུར་སྙེག་དགོས་འདི་འདྲ་ཅི་ཡིས་ཉེས།།
རྒྱལ་ཁབ་ཕྱི་ནང་འགྲིམ་འགྲུལ་སྐད་ཅིག་ཆད།།
ཨ་སྒོར་དུང་ཕྱུར་དྲུག་བརྒྱ་ཡུད་ཙམ་བརླགས།།
འཇིགས་རུང་དྲག་པོའི་གཡུལ་འགོ་སླར་ཡང་ཚུགས།།
སྐྱེ་འགྲོའི་བདེ་སྡུག་རླུང་འཚུབ་མར་མེ་འདྲ།།
ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན།།
དམུ་རྒོད་འགྲོ་ལ་ཐུགས་རྗེ་སྤྱན་གྱིས་གཟིགས།།
དྲག་པོ་མྱུར་ཏུ་ཞི་བར་བྱིན་གྱིས་རློབས།།
ཞི་བདེའི་དབུ་འཕང་ནམ་ཡང་མ་དམའ་ཞིག།།
༢༠༠༡ལོའི་ཟླ༩བའི་ཚེས༡༡ཉིན་ནིའུ་ཡོག་ནས།
རྩོམ་ཁུངས། ངེད་དྲ་བ།