ཁེར་རྐྱང་གི་འགྲེལ་ཚུལ།
ལན་གྲུའི་ཁེར་རྐྱང༌།
ཁེར་འཁྱར་གྱི་ལོ་ཟླར་གཞོན་སྐྱེས་ཀྱི་རྨི་ལམ་ཉར་བཞིན
ཐག་རིང་ན་སྡུག་གིས་གཞོག་པའི་མ་ལོར་དྲན་སེམས་རི་རབ་བརྩིགས
མཆི་མ་ཡི་ལྟེང་ཀ་དུས་བཞིར་ཞལ་ཡུར་དུ་བསིལ་བས
རེ་ཆད་ཀྱི་སེམས་པ་ཡུད་ཀྱིས་དིམ་པའི་མཚོ་ནང་རྡོ་བ་འདྲ
ཨ་མ ལན་ཆགས་ཀྱི་ཁུར་བོ་རྒྱུད་ནས་རྒྱུད་དུ་བསྟར
སེམས་ཤོར་གྱི་དབུགས་རིང་མཚན་ནས་ཉིན་དུ་བསྲིངས
ཟུངས་འགྲིབ་བྱེད་མནར་གཅོད་མུ་ནས་མུ་རུ་འབྲེལ
ལྟོ་འདུན་གྱི་ཟས་ཕོར་བཅུད་ཀྱིས་མ་བསླུས
ཚེ་འདི་ཡི་གྲགས་འབྱོར་རོལ་དུ་མ་འཁྲི
དཔྱིད་ཆར་མེ་ཏོག་འཛུམ་པའི་བསིལ་རླུང་ཁྲོད
རྡོག་སྣེའི་ཕྲེང་བ་རེ་རེ་ལས་སྐལ་གྱི་ལྷ་ཡིས་སྦྲེལ་ལ
ལྗང་གླིང་ཡོད་པར་གདམས་པའི་ཡིད་ཆེས་ཀྱི་ངར་ལས
རང་གི་སྨོན་ལམ་དང་དམ་བཅའ་ཡང་རྒྱང་དུ་བསྐུར་ཡོད་པས
ཨ་མ་ལགས བདག་ལ་ངང་སྒུག་གི་རེ་སེམས་དེ་སྔར་ནས་འདོར་རོགས
1993 ,5
ཆབ་ཆའི་ཁེར་རྐྱང༌།
ཉིན་འདི་ཚོར
སྙན་ངག་མེད་པའི་ཁང་ཆུང་གི་བསམ་གཞིགས་རུམ་ནས
རང་གི་ངོ་གདོང་མེ་ལོང་གི་ལྟག་རྒྱབ་ཏུ་བོར
ཉིན་འདི་ཚོར
སྙན་ངག་པ་ཚོ་ཡང་རང་རང་གི་ལོག་མལ་དུ་ཕྱིན་ནས
རང་རང་ས་ན་ཟད་དུ་མེད་པའི་དགོང་ཉི་དང་ཡིག་དྲུག་བགྲང
ཉིན་འདི་ཚོར
གཙང་ཆུའི་ཕ་རོལ་ན་འདར་བའི་ངའི་གཡོར་གྲུ་དཀར་ཆུང
སྨུག་ལོང་བརྩེགས་མའི་འཇིངས་སུ་ནུབ་ཚར
1994 ,9,23
རྩོམ་ཁུངས། ངེད་དྲ་བ།