བདག་གི་རྩྭ་ཐང་།
ཉི་འོད་ལྟ་བུའི་བརྩེ་ཞེན་གྱི་ཁུག་ཏུ།
འཛེམ་དོགས་མེད་པར་སྒྲེན་མོར་མངོན་ཏེ།
ལུས་པོ་དང་སེམས་པ་ལྷོད་ཤིག་གེར།
མཉེས་གཤིན་གྱི་རྩྭ་ཐང་དེ་ལ་རེག་ཐེངས་རེར།
ང་རང་ནམ་ཡང་མར་ལོ་ལྟར་ཞུ་འགྲོ།
མགོ་བོ་རྩྭ་ཐང་གི་བྲང་ཁར་གླན་ཏེ།
མིག་ཟུང་ག་ལེར་བཙུམ་ན།
བྲེལ་ཟིང་དང་སྐྱོ་ངལ་གྱི་སྒོ་མོ་ཡུན་རིང་ལ་བརྒྱབ་ཆོག
རྩྭ་ཐང་དེའི་པང་ལ་འོ་མ་བཞིན་འཁྱིལ་དུས།
ངས་ཐག་རིང་ཞིག་བསམས་མ་མྱོང་ལ།
ཐག་རིང་ཞིག་སྙེག་ཀྱང་མི་འདོད།
ང་ལ་བརྩེ་དུང་ཡོད། ང་ལ་རྩྭ་ཐང་ཡོད།
ངའི་དྲན་ཤེས་ཀྱི་སྤང་ཁུགས་རེ་རེ་ན།
ནེམ་ཤ་སྟེར་བའི་ལྗང་མྱུག་རེ་རེ།
ཡུལ་དུས་ཀྱི་དབྱེ་མཚམས་མེད་པར།
བརྩེ་ཞེན་གྱི་རླན་དྲོད་ལ་བསྡོངས་ནས།
མེ་ལྕེ་བཞིན་རྟག་ཏུ་འབར་གྱིན་ཡོད།
ད་ལྟ། ངའི་མིག་དབང་ལ་ལྗང་ལྟེམ་ལྟེམ་འཁྱིལ་བ་འདི།
ཡིད་ཀྱི་རྦ་རླབས་སྒུལ་བ་འདི།
ལུས་པོ་ལ་ནེམ་གཤེར་བསྒོ་བ་འདི།
སེམས་ཀྱི་ཟབ་སར་ལྷུང་བ་འདི།
ཤོར་མྱོང་བའི་རྩྭ་ཐང་ཆེན་པོ་འདི།
སླར་ཡང་ང་ལ་ཐོབ་བྱུང་བ་ཨེ་ཡིན།
ད་ལྟ། ང་རང་ཁྱོད་ལ་འཐིམ་བཞིན་ཡོད།
བདག་གི་རྩྭ་ཐང་ལ་ཆུ་ཐིགས་ལྟར་འཐིམ་བཞིན་ཡོད།
མེ་ཏོག་རྐང་གཅིག་ལ་གཡོ་རྫུན་མེད་པར།
ཉི་འོད་ཀྱི་ངོགས་སུ་མར་ལོ་བཞིན་ཞུ་སྟེ།
རྣམ་ཤེས་དང་ལུས་པོ་ཐམས་ཅད།
ཁ་ཞེང་སྐྱོམས་པའི་ལྗང་མདོག་ཁྱོད་ལ་འཐིམ་བཞིན་ཡོད།
འདི་རུ་སྤྲིན་དཀར་ཡོད། འདི་རུ་གླག་རྒོད་ཡོད།
འདི་རུ་ཁྱོད་རང་སྟེ་—བདག་གི་རྩྭ་ཐང་ཡོད།
འདི་རུ།
ཁྱོད་ཀྱི་རང་གཤིས་ལྟ་བུའི་ནམ་མཁའ་ལའང་གཡའ་དྭགས་འདུག
རྩོམ་ཁུངས། ངེད་དྲ་བ།