ཁྲག
ཁྲག དམར་མདོག་གིས་བབས་པའི་ལང་ཚོའི་མཆོད་པ། ཁྲག འགུལ་ཤུགས་ཀྱིས་བསྐྱོམས་པའི་མི་ཚེ་ཡི་འོས་ལངས། ཁྲག་མེད་ཚེ། མིའི་འཚོ་བ་ནི་
ཐལ་ཕུང་བཞིན་འཕྱུར་བའི་ཉམས་རྒུད་ཀྱི་བྱུང་བ་སྟེ། དེ་ན་བླང་ཆོག་པའི་གདམ་ཀ་དང་འཚོལ་རུང་བའི་རྨི་ལམ་མེད།
ཁྲག་སྐམ་ཚེ། མའི་མཛའ་བརྩེ་ནི་རྡོ་ཕུང་གིས་གང་བའི་གྲམ་གཞུང་སྐྱ་བོ་སྟེ། དེ་ན་དབྱངས་སུ་འཁྱིལ་བའི་ཚེ་སྲོག་གི་གདངས་དབྱངས་དབེན།
ཁྲག་ནམ་ཡང་དམར་མདོག་གིས་འབབ་ཅིང་དམར་མདོག་མཆེད་པའི་ངར་ཤུགས་ཀྱི་རྟོག་འགྱུ་ཞིག ཁྲག་གི་གཏིང་རུམ་ན། རིགས་རུས་དང་བརྩེ་དུང་
གི་ཕ་མཁར་ལ་ཚ་དྲོད་འཁྱིལ་ཡོད་ལ། ཁྲག་གི་བརྒྱུད་ལམ་ནས། ལོ་རྒྱུས་དང་མདུན་བསྐྱོད་ཀྱི་རྒྱལ་ཕམ་འཁྱུག་བྲིས་སུ་ཕབ་ཆོག
མ་གཞི་ཁྲག་ནི་ཁ་དོག་སྟེ། མེ་འོད་བཞིན་འབར་བའི་དམར་ཧྲང་ཧྲང་གི་ཁ་དོག་ཅིག་ཡིན། དམར་མདངས་དེའི་ངོགས་སུ། ང་ཚོས་རང་ཉིད་
ཀྱི་དམར་མདོག་གི་བཞིན་རས་འཚོལ་ཆོག་ལ། རང་ཉིད་ཀྱི་དམར་མདོག་གི་སེམས་པའང་བཙལ་ཆོག
ཁྲག་ནི་བཞུར་རྒྱུན་ཞིག་སྟེ། བར་མཚམས་བྲལ་བའི་དགོས་དབང་གི་འཁོར་བསྐྱོད་ཅིག་ཡིན། ཟློག་ཏུ་མེད་པའི་ཆོས་ཉིད་དེའི་བཞུར་འགྲོས་
ཁྲོད། ང་ཚོས་རང་ཉིད་ལ་མདུན་ལྗོངས་གསར་བ་གླེང་ཆོག་ལ། རིན་ཐང་གི་ལྗིད་ཚད་ཀྱང་བསྐྲུན་ཆོག
ཁྲག་ནི་རིགས་རྒྱུད་ཅིག་སྟེ། ཁྲག་གི་འཁོར་ལམ་རེ་རེ་ན། རྙེད་ཅིང་འཚོ་བཞིན་པའི་ངོ་གདོང་གི་འགྱུར་བ་རེ་རེ་རྒྱང་ལ་འཐིམ། ཁྲག་གི་འབབ་
རྒྱུན་རེ་རེ་ན། བོར་ཞིང་རུལ་བའི་རྣམ་ཤེས་ཁྲི་ཕྲག་གི་དབུགས་རྒྱུན་སླར་ཡང་སོས།
མདོར་ན། ཁྲག་ནི་མེ་ཕུང་ཞིག་སྟེ། དམར་མདོག་གིས་འབར་བའི་མེ་ཕུང་དེའི་གསེབ་དུ། ང་ཚོས་དྲོད་ལམ་ལམ་གྱི་ལོག་མལ་བཙལ་ཆོག་ལ།
དམར་མདོག་གིས་འཁྱུད་པའི་དམ་བཅའ་ཞིག་འགོ་ཡང་བརྩམས་ཆོག
རྩོམ་ཁུངས། ངེད་དྲ་བ།