སྣ་ཚོགས་བསྟན་བཅོས།
སྲོག་དང་བེམ་པོའི་ཚོང་ར་ན།།
ཡན་ལག་ཉིང་ལག་གང་ཡང་འཛོམས།།
དེ་ཕྱིར་སྟོང་བ་ཉིད་ཀྱི་ནོར།།
མ་རྙེད་རིགས་པ་མཆོག་ཏུ་བསྟོད།།
རྣམ་པར་གཡོ་བ་ལས་ཀྱི་གཙོ།།
ལས་ཀྱང་དེ་བཞིན་འཇགས་པ་ན།།
གཙོ་བོའི་བཀའ་ཡང་ཡོད་མ་ཡིན།།
དེ་ཕྱིར་སྟོང་བ་ཉིད་དུ་རྟོག།
འགྲོ་བ་རྐང་བའི་གཤོག་པ་ཡང༌།།
ས་དང་བར་སྣང་གང་ལ་ཡང༌།།
མི་འབྲེལ་བྱོན་པ་བདེ་བའི་ལམ།།
སྟོང་བ་ཉིད་ཀྱི་ཤིང་རྟ་འོ།།
ང་ཞེས་ཁྱོད་ཀྱི་མེ་ལོང་དུ།།
གཟུགས་སུ་འཛིན་པ་མིག་གི་མཐའ།།
གང་དག་མཐའ་ནས་སྒྲོལ་བ་ལ།།
སྟོང་བ་ཉིད་དུ་སྟོང་བ་འོ།།
བཤད་ཅིང་བཤད་དེ་སླར་ཡང་ངོ༌།།
རྣམ་གཞག་རྩ་ལམ་རྒྱུ་སྐར་ཕྲེང༌།།
འཇིག་རྟེན་ཀློང་གི་སྒོ་འབྱེད་པ།།
བླུན་པོའི་སྡེ་ན་སྟོན་པ་འོ།།
ང་ནི་མི་ཡིན་ཁྱོད་ཀྱང་ངོ༌།།
ང་རྒྱལ་དུས་ཆ་ཕྲན་ཚེགས་ཙམ།།
འཐོབ་པ་དེ་ཡང་ལས་ཀྱི་འོ།།
ཟད་དུ་དོགས་པ་རྙེད་པ་ཡིན།།
ཤེས་བྱ་དེ་ཡི་སྡེབ་སྦྱོར་ལ།།
འདི་ཕྱི་གཉིས་སུ་འཕོ་འཇུག་བྱས།།
མུན་པ་སྣང་བའི་དགའ་སྡུག་ལ།།
བསམ་ཞིང་བདག་པོ་དངངས་སྐྲག་སྐྱེ།།
རྩོམ་ཁུངས། ངེད་དྲ་བ།