སྐྱག་པ།(མུ་འབྲེལ་སྙན་ངག་རིང་མོའི་ལེའུ་དང་པོ)
འདི་མི་མང་ཚོགས་སའི་ནང་དུ་བཞག་རུང
འགད་རྫས་ཤིག་དང་འདྲ་བར སུས་ཀྱང་སྒུལ་མི་ཐུབ
འདི རང་བྱུང་མའི་མཛེས་པ་དང་གཙང་བོའི་རྒྱུན་ཆད་ཁའི
མེད་མུག་མང་པོའི་འཚོལ་སྙེག་ཁྲོད་ནས
འབྱོར་ཕྱུག་དང་སྟོབས་ཀྱིས་རྙེད་པའི་ནོར་བུ་ཡིན
མི་ངན་ཞིག་དང་འདྲ་བར་སུས་ཀྱང་རིག་མི་འདོད་པའི་སྐྱག་པ་འདི
འདོད་ཧམ་དང་སེར་སྣས་གང་བའི ཁྱོད་ཀྱི
ལུས་པོའི་འཁོར་སྐྱོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་མོད
ཁྱོད་ཀྱིས དགྲ་བོ་ཞིག་མཐོང་བ་ལྟར
དེ་འདྲའི་རྒྱང་ནས་རྒྱང་ལ་བསྲིངས་དོན་ཅི་ཡིན
ཁྱོད་ཀྱིས་རྫུ་བག་གིས་མ་ཐུབ་པར་ཤོར་བ་འདི་ཀ་རང་རེད
ཁྱོད་ཀྱིས་ཞེ་སྡང་གིས་མ་ཁོག་པར་ཤོར་བའང་འདི་ཀ་རང་རེད
སྐྱག་པ་འདི ཧེ་ཙེའི་རྒྱང་རིང་ཁྲོད་ཀྱི
གསང་བའི་གཏིང་རིང་གི་ཕྱེད་ཀ་ཞིག་ཡིན་ངེས་ལ
སྐྱག་པ་འདི སྙན་ངག་པའི་སྐད་ཆར་ཐན་པ་བྱུང་དུས་འདིར
ལོ་ལེགས་ཀྱི་ཆང་ཕོར་འདེགས་བྱེད་ཅིག་ཀྱང་ཡིན་ངེས
——སྔོན་འགྲོའི་གཏམ།
ལེའུ་དང་པོ།
༡
མེ་ལོང་དུ་བལྟ་རྒྱུ་ནི་མ་རྩ་ཞིག་འཚོལ་བ་ལྟར་གྱི་བུ་མོ་དེར་མཚོན་ན
འགྲོ་སྒོ་ཞེས་པའང་ངོ་གདོང་གི་སྐེག་རྫས་ཁ་ཤས་རེད་ལ
རིན་ཐང་ཞེས་པའི་རྒྱ་ཆེན་པོ་དེའང
ནུ་མ་དང་བརླ་ཤ་བཏུམས་བྱེད་ཀྱི་གྱོན་པ་ཁ་ཤས་རེད
དེ་ལྟར་བསམ་ན ཁོ་མོའི་ཉིན་གང་གི་ལས་ཀ་དེའང
དངོས་རྫས་རྙིང་བ་ཞིག་འཕེན་གྱིན་པ་ལྟ་བུའི
སྐྱག་པ་གཏོང་སྲོལ་དེ་ཀ་རང་རེད
བཏང་ཚར་བ་དང་རྐུན་མས་བདག་མོ་མཐོང་བ་ལྟར་གྱི་འགྲོ་ཚུལ་འདི
ཁོ་མོར དྲི་མ་སྣོམ་བྱེད་ཀྱི་ཚོར་བ་ཤི་མ་གསོན་ཞིག་ཡོད་པས་རེད་དམ
རང་ཉིད་ཀྱི་ནག་ཉེས་གང་ཞིག་ལ་གཡའ་བ་རེད
འདི་དང་མཉམ་དུ ཁྱོད་ཀྱིས་ཅིས་ཀྱང་བརྗེད་མི་ཉན་པ
མི་ཆེན་ཚོས་ཀྱང་མང་པོ་མང་པོ་ཞིག་ཟ་བཞིན
རྫོབ་པོ་རྫོབ་པོ་ཞིག་བཏང་དང་གཏོང་གིན་པ་དེ་རེད
རང་ཉིད་དང་འབྲེལ་བ་ཡོད་ཚད
ང་ཚོས ལག་མཐིལ་ནས་ཀྱང་བོར་ལོས་འགྲོ་འདོད་པའི་སེར་སྣ་ཆེ་རུང
དྲི་མ་ངན་ངོན་གྱི་སྐྱག་པ་ཆུང་ཆུང་ཞིག་ལ ང་ཚོ
ཚོད་ཚོད་མེད་པར་དེ་འདྲ་སྐྲག་སྣང་སྐྱེ་དོན་ཅི་རེད
ཁྱོད་ཀྱིས ཁྱོད་རང་གློད་དང
གོ་ལ་རིལ་རིལ་འདི་ཅི་འདྲ་ཆུང་རུང
རྫུ་བག་དང་བྲལ་བ་ནི་ཆེས་ཆེ་བའི་ས་རྒྱ་ཡིན
༢
བྲང་ཁོག་དོག་དོག་ངང་དུར་ཁྲོད་དང་བྲལ་ཚུལ་དེ
ཁྱོད་ཀྱི་སྙིང་ཆུང་ཤོག་བུ་ལྟར་ལྷབ་ལྷུབ་འདར་ཚུལ་ཞིག་རེད་ལ
ངོ་གདོང་གཉེར་གཉེར་ངང་སྐྱག་པ་དང་བྲལ་ཚུལ་དེ
ཁྱོད་ཀྱི་གཡོ་སྒྱུ་རིགས་ཤིག་གིས
ཁྱོད་རང ཕྱི་བཏུམས་ནང་བཏུམས་ཀྱིས་རོ་སྒམ་དུ་འཇུག་ཚུལ་རེད
འདང་བརྒྱབ་ཀྱིན་བརྒྱབ་ཀྱིན གསལ་བོར་བཤད་ན
ཁྱོད་ལ་སྙིང་ཉེ་ཞེས་པའི་མིང་ཚིག་ཅིག་ཡོད་པ་བཞིན
སྐྱག་པ་འདི འཇམ་འཇམ་གྱིས་སྟུ་ཁུང་ཆུང་ཆུང་ནས
ང་རྒྱལ་དང་ཞེ་སྡང་མེད་པར
སྙིང་ཉེ་ཉེའི་ངང དུས་ཚོད་ལྟར་འོངས་དུས
ཁྱོད་ཀྱིས ཁྲེལ་མེད་ཀྱི་བུ་མོ་ཞིག་གིས་མཛའ་མོ་དོར་བ་ལྟར
ལག་རྡོ་འཕེན་འཕེན་བྱེད་དོན ཅི་རེད་ཅི་རེད
རང་གི་ཁུར་བའི་རང་ཉིད་ཡིན་པའི་ཁྱོད་ཡ
ཁྱོད་ཀྱིས སྐྱག་པ་འདི
ལྷམ་ཆད་གོས་ཆད་ཅིག་ལྟར་སྐྱུར་དོན་ཅི་ཡིན
སྐྱག་པ་ཁོ་ནར སེར་སྣ་མེད་ལ་ཕྱིར་འདང་མེད་པའི་མི
སྐྱག་པ་ཁོ་ན་གཏོང་བར་སྔ་འབྱོར་ཕྱི་ཆད་མེད་པའི་མི
སྐྱག་པ་ཁོ་ནར འཁྲུག་རྩོད་མེད་པའི་ས་སྟེང་གི་མི
མི——སྐྱག་པ མི——སྐྱག་པ
༣
རླུང་བུ་འདི་གནམ་ས་གཉིས་གས་ཀ་ཤོར་ཚུལ་གྱི་འཁྱག་འདར་རེད
ཆར་བ་གན་སྡུག་སྨྲེ་བཏོན་པའི་རྡོག་པོ་ཆུང་ཆུང་གྲངས་མེད་རེད
མཚན་མོ་ཁོ་ནས རང་ཉིད་ཡོལ་བ་ནག་པོ་ཞིག་གི་རྒྱབ་ཏུ་ཡིབས་ནས
ཁྱོད་ཀྱི་ལུས་པོ་དང་སྐྱག་པ་དྲོ་ས་ཞིག་ལ་འཇོག་གིན་འདུག
རྟ་ཐོག་གི་ལོ་རྒྱུས་རྙིང་བ་དག་རྩྭ་གསེབ་ཏུ་ལྷུང་བ
རལ་གྲི་ཞིག་བཙའ་ཡིས་ཟིན་ཚུལ་རེད
རྒྱལ་བོ་དང་བཙུན་མོའི་སྐོར་གྱི་བརྩེ་དུང་བཙན་པོ་དག
ང་ཚོས་ཆང་རག་ལྟར་འཐུང་གིན སུ་ཡང་བཟི་ཡིན་མི་འདུག
འོན་ཀྱང སྐྱག་པའི་རང་གཤིས་ཀྱི་དྲི་མ་ཞིག་གིས
ཁྱོད་ཀྱི་རིག་པ་དང་ལོ་ཟླ་དབེན་ཐིང་ཐིང་ཞིག་རྒས་སུ་བཅུག
ཐ་ན སྙན་ངག་ཅེས་པའི་ཚིག་ཚོགས་མང་པོ་ཞིག་ཀྱང་འདར་དུ་བཅུག
སྐྱག་པ་འདིའི་རིགས ཁྱོད་ཀྱི་ཨ་ཕ་དང་ཨ་མས་བཏང་མྱོང་བ་བཞིན
ཁྱོད་ཀྱི་ཆུང་མ་དང་བུ་ཕྲུག་གིས་ཀྱང་གཏོང་ངེས་པ་བཞིན
ཁེར་རྐྱང་དང་སུན་སྣང ངལ་དུབ་དང་སྡུག་བསྔལ་ལ
རྩ་ལམ་གྱི་མདུད་པ་བཤིག་མ་མྱོང་བའི་ངས་ཀྱང
སྟོང་བ་ལས་གཤོང་ཐབས་བྲལ་བའི བར་སྣང་ཞིག་ནས
བར་སྣང་ལ ཅི་ཡང་འཇོག་རུང་བའི་ཁམས་ཆེན་པོ་ཞིག་ནས
ཚན་པ་དང་ཚན་པ་བྱས་ནས ཅིས་ཀྱང་འབྲི་ངེས་ཡིན
ད་ལྟ སྐྱག་སྐམ་ཁྱོད་ལ
ཕོ་བ་མི་བདེ་བའི་ཚོར་བ་ཞིག་ཁད་ཁད་ཀྱིས་སྐྱེའམ
༤
ཉི་ཟླ་གཉིས་ཀྱི་ལྟེ་ཐག་བཅད་དེ
འཆི་བ་ཡོད་ཚད་མཛའ་མོའི་ཆེད་དུ་རྫོགས་སོང་ཟེར་མཁན་དེ
སྐྱག་པ་གཏོང་མཁན་གྱི་ང་རེད་དམ
སྒོར་སྒོར་ཡོད་ཚད་བརྩེ་བའི་མཛུབ་རྒྱན་དུ་འབུལ་མཁན་དང
ལེབ་ལེབ་ཐམས་ཅད་འཁྲིག་པའི་མལ་ཁྲི་རུ་འཇོག་མཁན་དེ
ཉི་མ་དཀར་ངོགས་ལ་མཇེ་སྟོན་རེག་མ་ཆོད་པའི་ང་རེད་དམ
ངའི་འཚོ་བ་གཉིད་དུ་ཆུགས
ཁྱོད་ཀྱི་འུར་ཟིང་དང་བྲེལ་འཚུབ་ལ་སྙིང་བོ་མི་འདུག
ངའི་ཚེ་སྲོག་འཁོར་དུ་ཆུགས
ངའི་སྐྱག་པ ཕ་བོང་ཆེན་པོ་ཞིག་དང་འདྲ་བར
མི་ཆེན་ཚོན་པོ་དེས་ཀྱང་ཡར་འཇོག་མི་ཐུབ
སྡོམ་དྲ་བ་ནི་འཚོ་བ་རེད་ཟེར་མཁན་དེ
རང་གི་རྣམ་རིག་ལ་བཙན་གཡེམ་བྱེད་མཁན་གྱི་ཉེས་ཅན་ཞིག
ཆུང་མའི་རུམ་ནས་འཁྱག་མ་མྱོང་བའི་སྙན་ངག་པ་སྡར་མ་ཞིག
ང་ལ ལད་ཟློས་ཀྱིས་ཁེངས་པའི་མཛེས་པ་དག་མི་དགོས
གནས་ལུགས་མི་དགོས ཆོས་ཉིད་མི་དགོས
དྲང་བདེན་ཞེས་པའི་རྒྱལ་ཕམ་རྙིང་བ་ཞིག་གི
འཁྲུག་པ་མི་དགོས རྩོད་པ་མི་དགོས
སྐྱག་པ་ལྟར་སུས་ཀྱང་བཙན་འཛུལ་བྱས་མ་མྱོང་བའི་གསང་བ་ཞིག་དགོས
གསང་བ་ཆུང་ཆུང་ཞིག་གམ་ཕྲ་མོ་ཕྲ་མོ་ཞིག་དགོས
༥
ལྷ་སྒྲུང་གི་སྤྲིན་པ་ཐང་དུ་མ་ལྷུང་བར་ད་དུང་བར་སྣང་ན
དེའི་ཆེད་དུ བརྩེ་དུངས་ཀྱི་གཤོག་པ་བརྐྱངས་པའི་བྱ་གླག་དེའང
ད་དུང་བཙག་རླུང་ཞིག་དང་འདྲ་བར་བར་སྣང་ན
བར་སྣང་འདི་ལོ་ཟླ་གྲངས་མེད་ཀྱིས་བཟོས་དང་བཟོ་བཞིན་པའི
ཁྱོད་ཀྱི་བར་སྣང་རེད
ས་སྟེང་ན་སྐམ་རེག་བར་དཀྱིང་དཀྲུང་མ་བཤིག་པར་ཡོད་པ་སྐྱག་པ་རེད
སྐྱག་པའི་བར་སྣང་ནི་ཁྱོད་ཀྱི་ནག་ཉེས་ཀྱི་གཤོག་པས་མ་ཟིན་པའི་བར་སྣང་རེད
ཨ་མའི་གནའ་གཏམ་ཁྲོད་ཀྱི་མི་སྣ་ཞིག་དང་འདྲ་བར
ང་ཚོ མི་ཡིན་བཞིན་དུ་སྐྱག་པ་བཏང་ཚུལ་ཞིག་མ་གླེང་བ
བརྗེད་ངེས་ཀྱི་རྐུན་པོ་བཙན་ཆེ་བས་ཡིན་ནམ
དེ་ཉིད ཁྱོད་ཀྱི་འོག་ནས་བཏང་བ་ལས
ཁྲ་ཁྲ་རིག་རིག་སྨྲ་བྱེད་ཀྱི་ཁ་ནས་མ་བསྐྱུགས་པས་ལན་ནམ
ཁྱོད་ཀྱིས རང་ཉིད་ཀྱི་ཤ་ཁྲག་གིས་མ་ཐུབ་པའི་དོན་དག་མང་པོ་ཞིག
ང་ལ་དགོས་པ་མི་འདུག
ཁྱོད་ཀྱི་བྲང་ཁོག་གི་རྒྱུ་མ་ལྟར་མཐོང་ཐབས་བྲལ་བའི་གསང་བ་དུ་མ་ཞིག
ང་ལ་འབྲེལ་བ་མི་འདུག
འོན་ཀྱང ཁྱོད་ཀྱིས་སྣང་མེད་ངང་འཕངས་ཟིན་པ་སྐོར་ཞིག
ངས སྙིང་ཉེ་བའི་བུ་ཆུང་བཞིན་བྲང་ཁར་ཡང་ཡང་སྦྱར་ན་འདོད
བདག་གི་ཀློག་པ་པོ བདག་གི་ཀློག་པ་པོ
ཟ་འཕྲུག་ཆུང་ཆུང་ཞིག་གིས་མི་ཚེ་ལ་སྤར་འབྲད་བྱེད་པའི་ཀློག་པ་པོ
༦
ཤི་ཟིན་པའི་ཕ་རྒན་གྱི་བེམ་རོ་དེ་ཁྱོད་ཀྱི་ཁ་སང་རེད
སྨྲ་བ་མེད་པ་ཁོ་ནས
དུས་ཚོད་ནི་འཛིན་ཐབས་བྲལ་བའི་རླུང་བུ་རིགས་ཤིག་རེད
བདག་ལ་འབྲེལ་བ་མེད་པའང
ཤི་འཐབ་རོ་འཐབ་ཀྱི་ཁྱོད་དང་བཅས་པའི་རྩད་པ་ཁ་ཤས་རེད
ཡུགས་ས་མས་རང་གི་བརླ་བར་གྱི་ཆགས་སྲེད་དྲན་པ་བཞིན
སྐྱག་པ་དྲན་མཁན་གྱི་མི་བུ་དུ་ཡོད
ངོ་ཚ་དང་བཅས་རང་ཉིད་སྦེད་མཁན་གྱི་མི་བུ་དུ་ཡོད
བཅིལ་ཐབས་མེད་པའི་ཞེ་སྡང་མེ་ལྕེའི་སྟེང་གི་མི་བུ་དུ་ཡོད
ངས ཇ་དཀར་ཡོལ་གང་འཐུང་བ་བཞིན
ཁྱོད་དཀར་ཡོལ་གང་འཐུང་གིན་ཡོད
རྒྱུ་མཚན ང་སྙན་ངག་པ་ཡིན་པས་ཡིན་ལ
དེ་ལས་ཀྱང ཁྱོད་རང་བདེ་ལ་འབབ་ཐབས་བྲལ་བ་ཞིག་ནི
ང སྙན་ངག་རིང་མོ<<སྐྱག་པ>>འབྲི་མཁན་ཡིན
ཁྱོད་ལ་སྐྲག་སློང་བྱེད་ཅིག་དང་འདྲ་བའི་སྙན་ངག་རིང་མོ་འདིའི་ལེའུ་དང་པོ2006.10.18ཉིན་འཁྲིག་པ་ཐེངས་ཤིག་སྤྱད་པ་ལྟར་སུན་སྣང་མེད་པར་ཡོངས་སུ་རྫོགས་སོ།།
རྩོམ་ཁུངས། ངེད་དྲ་བ།