མི་ཚེ་གྲུབ་པའི་གླུ།
མི་ཚེ་ནི་རང་དབང་གི་འཐབ་རྩོད
འཚོ་བ་ནི་ཕྱིར་དྲན་གྱི་མེ་ལོང
ལེའུ་དང་པོ། བྱིས་དུས་རང་དབང་གི་གླུ
གནམ་སྔོན་པོ ང་ཡི་གུར་ཁྱིམ
ས་དོག་མོ ང་ཡི་མལ་སྟན
རང་དབང་དང་རྩེད་ཆས་སྒྲིག་ནས
ན་མཉམ་ཚོར་ཀ་ར་དང་བྲོ་ཁ་སློང་དུ་གོམས
འཇིག་རྟེན་འདི་ཐུན་མོང་གི་ཞིང་ས་རུ་འདོད་ནས
ལྟོ་འགྲངས་རྒྱབ་ཁེབས་ཀྱི་སེམས་ངལ་ཅི་ཡང་མེད
ཨ་ཕའི་སྙིང་གཏམ ང་ཡི་རུམ་བྲོ
ཨ་མའི་ལག་ཟུང ང་ཡི་ལྡེ་མིག
སྒོ་ཟྭ་བརྒྱབ་མེད་པའི་ཁང་ཁྱིམ་རེ་རེ
ང་ཡི་བྲོ་ར་དང་ངལ་གསོའི་ཟ་ཁང་རེད
ང་ཡི་བྱིས་དུས་ནི ངོ་མཚར་སྟོང་གིས་ཕྱུག་པའི
ཤམ་བྷ་ལའི་རྨི་ལམ་རེད
ང་ལ་དབྱར་དགུན་སྟོན་དཔྱིད་མེད
ང་ལ་ཕུགས་བསམ་གྱི་སང་ཉིན་མེད
ང་འདི་ལྟར་ལམ་ལ་ཆས་ཤིང་འོངས
རང་དབང་གི་བཙན་རྫོང་གྲུབ་པའི་ཉིན་དེ་ནས
ས་ཆེན་པོའི་རྒྱལ་སྲས་ཆུང་ཆུང་ཞིག
ཧ་ཅང་འབྱོར་ལྡན་གྱི་ངང་ནས་ནར་སོན་ཡོད
ལེའུ་གཉིས་པ། ཁེར་རྐྱང་སྐྱོ་ཤས་ཀྱི་གླུ
ཁེར་རྐྱང བདག་ཁོ་ནར་ལྡན་པའི་མ་རྩ
འཇིག་རྟེན་འདི ཆེད་དུ་ང་ལ་བཞེངས་པའི
སྒོ་མེད་པའི་བཙོན་ཁང་རེད
སྐད་ཆེན་པོས གླུ་ཞིག་གྱེར་ན་ཡང
ས་ཆེན་པོའི་རོལ་དབྱངས་དེ་མ་ཐོས
ཆུ་རྒྱ་མཚོ་ནི་མེ་རུ་མ་འབར
ཁུ་སིམ་སིམ་གྱི་མཚན་མོ་མ་དཀྲོགས
ད་དུང རང་ཉིད་ལྟར་ངོ་མ་ཞིག
དམར་རྗེན་རྗེན་ཞིག གསལ་ལྷང་ལྷང་གིས
འཚར་ལོངས་བྱུང་ཡོད
རོ་ལངས་རྒྱག་སྲིད་པའི་འཇིག་རྟེན་པ
མུན་ནག་གི་ཁ་གཏད་དུ་འགྲེངས་ནས
སྐྱོ་གདུང་གི་ནོམ་པ་ཁེར་རྐྱང་གིས་འགམས
རང་ཉིད་ངོས་ཟིན་པ་ནི
ཧ་ཅང་འགྱོད་གདུང་གི་གོ་རིམ་ཞིག་ཨང
རྒྱུན་པར་བདག་ལ ན་ཟུག་བསྩོལ་མཁན་གྱི
དུར་ཁྲོད་ལང་ཚོ་མ ངས་ཁྱོད་ལ
ཅི་སྲིད་བར་དུ ཆང་དང་སྙན་ངག
མཚན་མོ་བཞིན་དུ་བཞེངས་ནས
སྐར་ཚོགས་ཀྱི་རོལ་དབྱངས་ཇི་ལྟར་བཀྲོལ་ན་ཡང
འཇིགས་རུང་གི་རྨི་ལམ་དེ་ལྟར་ཟློག་ན་ཡང
དྲོད་ལམ་ལམ་གྱི་བྲང་ཁོག་དེ
ང་ལ་མི་སྟོན་དོན་ཅི
ཨ་ཨ ཁོ་བོ
དུར་ཁྲོད་རྐྱང་རྐྱང་ནས
མི་ལོ་སུམ་ཅུ་འགོར་སོང
ལེའུ་གསུམ་པ། ཕྱིར་དྲན་ཁ་ཆེམས་ཀྱི་གླུ
འཇིག་རྟེན་འདིར་འོང་བ་ཅི་འདྲའི་སླ་ཞིང
འཇིག་རྟེན་དང་གྱེས་དུས་འདི་འདྲ་དཀར་ཨང
ཨ ཚེ་སྲོག་གི་བདག་མོ
ཧོ བླ་སྲོག་གི་འཕྱོན་མ་ཡ
དེ་རིང བདག་ཁྱོད་དང་གྱེས་སོང་ན
འཇིག་རྟེན་ལ་བཀའ་དྲིན་ཞུ་བའི
“ཤུལ་རྗེས་དང་ཁ་ཆེམས”ཅི་ཡང་མེད
བསླུ་བྲིད་མ་ཞུགས་པའི་བླ་སྲོག
ཁྱོད་ཀྱི་ཟས་རིན་དང་ཆང་ཡོན་དུ་ཕུལ་ཆོག
ཨ་སྔོན་དང་ས་གཞི
ཕ་ས་གོར་མོ་ཁ་ཚང་གིས
ཁྱོད་ལ་བསྐྱུར་ཆོག
རང་དབང་དང་རྨི་ལམ
ང་ཡིས་ལམ་བྲོ་རུ་ཁྱེར་འགྲོ
2006 9 22
རྩོམ་ཁུངས། ངེད་དྲ་བ།