ཚོར་བའི་ཕུང་བོ།
༡ མཚན་ཆར་ཁྲོད་ཀྱི་སློང་མོ་བ།
བསིལ་རླུང་དལ་བུར་ལྡང་ཞིང་ཆར་བ་ཟམ་ཟིམ་གྱིས་འབབ་པའི་མཚན་མོ་ཞིག་ལ
བརྩེ་བ་དང་དགའ་སྐྱིད་མ་ཐོབ་པའི་ཁེངས་སྐྱུང་གི་སློང་མོ་བ་ཞིག་གིས
ཁྱོད་ཀྱི་ལང་ཚོས་གཏམས་པའི་ཁང་ཆུང་དེའི་སྒོ་གླེགས་དལ་གྱིས་རྡུང་ནའང
དྲག་ཏུ་གཏད་པའི་སྒོ་མོ་དེའི་གཏད་ཤིང་ལ་གཡོ་འགུལ་གང་ཡང་མ་བྱུང
དེ་ལྟར་རེ་བ་དང་ཡིད་ཆེས་ཀྱིས་དཀྲིས་པའི་སློང་མོ་བ་མཚན་ཆར་ཁྲོད་ལུས་བས
སྒོ་མོའི་གཡོན་ཕྱོགས་ན་ཁེར་རྐྱང་དུ་ལུས་བའི་ལྗོན་པ་དེ་ཡིས
སློང་མོ་བའི་བརྩེ་བ་མ་བཟོད་པར་མགོ་བོ་གཡུགས་ཤིང
ནམ་མཁའི་དབྱིངས་རིམ་ན་འོད་ཀྱིས་འཚེར་བའི་སྐར་མའི་ཚོགས་ཀྱིས་ཀྱང
སློང་མོ་བའི་ལས་དབང་ལ་མིག་ཆུ་བཏང་ནས་ས་གཞིའི་བྲང་གཞུང་བརླན་པརབྱས
ད་དུང རྨི་ལམ་དང་སྒྲོ་བཏགས་ཀྱིས་མ་བསླད་པའི་མིག་གི་རྒྱལ་མོས་ཀྱང་འདི་ལྟར་མཐོང་སྟེ
ཁྱོད་ཀྱི་མཁའ་དབྱིངས་ན་འོད་དུ་འཚེར་བའི་ཟླ་བ་དང་རྒྱུ་སྐར་གྲངས་མེད་དེས
སློང་མོ་བར་ཡང་གཅིག་མཚུངས་ཀྱི་འོད་ཟེར་སྤྲོ་ཞིང
སློང་མོ་བའི་ཁོར་ཡུག་ན་དྭངས་གཙང་གིས་འཕུར་བའི་མཁའ་དབུགས་དེས་ཀྱང
ཁྱོད་ཀྱི་སྒེའུ་ཁུང་བརྒྱུད་ནས་ཁྱོད་ཀྱི་མལ་ཁྲི་བསྙེགས་སོང
དེ་ལྟར་སློང་མོ་བ་དེའི་འགུལ་སྐྱོད་ཡོད་ཚད་ཁྱོད་དང་ཉེ་ཞིང་འབྲེལ་ནའང
ཁྱོད་ཀྱིས་སློང་མོ་བའི་དྲག་ཏུ་ལྡིང་བའི་སྙིང་གི་འཕར་ཚད་མ་རྟོགས་ལ
སློང་མོ་བ་དེའི་སློང་མོ་ཞུ་རྒྱུ་ནི་ཁྱོད་ཀྱི་ཡོད་ཚད་ཀྱི་ཡོད་ཚད་ལགས་ནའང
ཁྱོད་ཀྱིས་སློང་མོ་བའི་མཛའ་བརྩེ་ལ་བསམ་གཞིག་གང་ཡང་བཏང་མ་སོང
༢ ཁྱེད་ཀྱི་ཕེབས་བཞུད
གནས་སྐབས་ཀྱི་ཞི་བདེ་དང་མཐར་ཐུག་གི་བདེ་སྐྱིད་ཡིད་ལ་བརྣག་སྟེ
ཞིང་ཁམས་གཞན་ཞིག་གི་མཛེས་སྡུག་ག་ལེར་སྙེགས་དུས
ཁྱོད་ལ་རང་ཉིད་ཀྱི་གྲིབ་མ་ལས་འགྲོ་རོགས་མེད་སྐད
ཡིན་ནའང ཁྱེད་ཀྱིས་ཡིད་ཆེས་ཀྱི་གོམ་སྟབས་ཕྱིར་ལ་བསྒྱུར་སྐབས
ཁོར་ཡུག་འདིའི་གྲག་འགུལ་གྱིས་ས་ཆེན་ངལ་བར་བྱས་ཤིང
མངའ་ཁོངས་འདིའི་ཕེབས་སྒུག་གིས་སྟོང་ཁམས་གང་བར་བྱས
ཁྱེད་ཀྱི་གཟི་བྱིན་དང་དྲང་བདེན གནས་ལུགས་དང་ལང་ཚོ
ད་དུང རྣམ་ཤེས་ལ་ཁ་ལོ་བསྒྱུར་བའི་བྱིན་མཐུ་དང
རིགས་དྲུག་ཞི་བ་དང་བདེན་པས་སྐྱོང་བའི་བྱམས་བརྩེ
ཅི་ཞིག་ཐོབ་འདོད་དང་མཐོང་འདོད་ཀྱི་འདུན་པ་དྲག་པོས
མི་རྣམས་འཚང་ཁ་ཤིག་ཤིག་གི་རེ་སྒུག་ལ་འཁྱུད་སོང
རེད་དེ ཁྱེད་ཉིད་རང་ཡུལ་ལ་འབྱོར་དང་མ་འབྱོར་བའི་བར་མཚམས་ཀུན་ཏུ
མི་རྣམས་འདི་ལྟར་དད་པའི་རང་བཞིན་གྱི་རེ་སྒུག་གིས་བཅིངས་སོང
༣ ཤུབས་སུ་འཛུལ་བའི་ཁྱོད
གཡོ་དང་སྒྱུ་ཡི་ཤུབས་སུ་འཛུལ་བའི་ཁྱོད
འདོད་པ་དང་སྲེད་པའི་ཤུབས་སུ་འཛུལ་བའི་ཁྱོད་ཀྱིས
རི་བོ་གཞན་ཞིག་གི་ཕར་ཕྱོགས་ནས་གནས་ཚང་གཡར་རྗེས
རང་ཡུལ་གྱི་མཛེས་སྡུག་འཁྱེར་བར་བྱེད རང་ཡུལ་གྱི་དྲོད་ཁོལ་འཁྱེར་བར་བྱེད
རྟག་བརྟན་དང་ཐེར་ཟུག་གི་ངོ་བོར་མ་གྲུབ་པའི་གནས་ཚང་དེ
གནས་སྐབས་ཀྱི་འབྱོར་བ་མཆོག་གྱུར་ཏུ་རྟོགས་པས
ཁྱོད་ཀྱིས་རང་ཉིད་ཀྱི་མགོ་འབུལ་ལུས་འབུལ་བྱས་ཏེ
འཇིག་རྟེན་འདིའི་ཕམ་ཉེས་དང་ཁོར་ཡུག་འདིའི་གསར་འགྱུར
རི་བོ་དེའི་ཕར་ཕྱོགས་སུ་བསྒྲགས་པར་བྱེད་ལ
ཕ་མེས་ཡང་མེས་ཀྱི་ལོ་རྒྱུས་ཕྲ་ཞིབ་དང
ཕ་མ་མིང་སྲིང་གི་མཆེད་ཁུངས་དག་ཀྱང་སུ་ཞིག་ལ་སྨྲ་བར་བྱེད
ཀྱེ ཤུབས་སུ་འཛུལ་བའི་ཁྱོད་དེ
གཡོ་དང་སྒྱུ་ཡི་ཤུབས་སུ་འཛུལ་བའི་ཁྱོད་ཨང
འདོད་པ་དང་སྲེད་པའི་ཤུབས་སུ་འཛུལ་བའི་ཁྱོད་ཨང
༤ ཞྭ་མོ་གྱོན་སྟངས
ལ་ལས་རང་ཉིད་ཀྱི་ཞྭ་མོ་ཟུར་གྱོན་བྱས་སོང
འགའ་ཤས་ཀྱིས་ཞྭ་མོའི་ཐོད་ཁ་ལྟག་པར་བསྐོར་ནས་གྱོན་སོང
ཁ་ཅིག་གིས་ཞྭ་མོའི་ཕྱི་ནང་བརྗེས་ཏེ་གྱོན་སོང
ད་དུང རེ་འགས་ཞྭ་མོ་ལན་རེར་ཕུད་ཅིང་ལན་རེར་གྱོན་སོང
དེ་དག་ལ་མ་གཏོགས་པའི་སྐྱེས་བུ་ལ་ལས་ཞྭ་མོ་གཏན་ནས་གྱོན་མ་སོང
ཡང་ལ་ལས་མོས་བའི་སྒོ་ནས་ཞྭ་མོ་གཙུག་ཏུ་གྱོན་སོང
འགའ་ཤས་ཀྱིས་མི་འདོད་བཞིན་བཙན་གྱིས་ཞྭ་མོ་གྱོན་སོང
ཁ་ཅིག་གིས་མངོན་ལྐོག་གི་བྱེད་ཐབས་སྤྱད་དེ་ཞྭ་མོ་གྱོན་སོང
ད་དུང་རེ་འགས་ཞྭ་མོ་མཐོང་ཚེ་ཆགས་སྡང་གི་རྣམ་འགྱུར་གང་ཡང་བསྟན་མ་སོང
༥རྨི་ལམ་རྨིས་ཚུལ
མི་མང་གི་འདུ་འགོད་འཁྲིགས་པའི་སྐད་ཅིག་མ་དེ་ལ
ང་རང་གློ་བུར་གློ་བུར་གཉིད་ཐུན་གྱི་ཀློང་ལ་ཐིམས་ཤིང
དེ་ནས་ཀྱང་གོ་རིམ་མེད་པའི་རྨི་ལམ་མང་པོ་ཞིག་རྨིས་སོང
རང་ཉིད་ཀྱི་བརྩེ་བའི་མ་ལོ་རང་དང་ཉེ་བར་ལྷགས་པ་རྨིས་སོང
རང་ཉིད་ཀྱི་ཤ་ཉེ་གཉེན་འབྲེལ་དག་ཀྱང་རང་ཉིད་ཀྱི་ཉེ་སར་ཐོན་པ་རྨིས་སོང
ད་དུང་དེ་དག་གིས་སྡང་མིག་རེ་བགྲད་ནས་བདག་དང་བྲལ་བ་རྨིས་སོང
སྔ་མོ་ནས་དགྲ་བོར་གྱུར་བ་འགའ་ཡིས་འཛུམ་ཆུང་རེ་སྟོན་བཞིན་ཕེབས་པ་རྨིས་སོང
སྔ་མོ་ནས་འབྲེལ་ཐག་བཅད་པ་འགའ་ཡིས་ལེགས་སྐྱེས་རེ་བསྣམས་ནས་ཐོན་པ་རྨིས་སོང
ད་དུང སྨྲ་བརྗོད་མི་ཤེས་བའི་བུ་ཆུང་དེས་ཀྱང་འཛུམ་ཆུང་དམུལ་ལེར
བདག་ལ་མཆུ་སྦྱོར་ཐེངས་གཅིག་བྱས་བ་རྨིས་སོང
མི་མང་གི་གྲག་འགུལ་མཐོ་བའི་སྐད་ཅིག་མ་དེ་ལ
ང་རང་གློ་བུར་གློ་བུར་གཉིད་ཐུན་གྱི་ཀློང་ལ་ཐིམས་ཤིང
དེ་ནས་ཀྱང་འདི་ལྟར་གོ་རིམ་མེད་པའི་རྨི་ལམ་མང་ཞིག་རྨིས་སོང
༦ ཁྱོད་ཀྱི་ཁ་གཏད་དུ་བསྡད་ནས
ཆོས་ཉིད་ཀྱིས་བསྐྱེད་པའི་ལས་དབང་དེའམ ཡང་ན
གྲངས་ཚང་གི་རྒྱུ་ཚོགས་དེའི་མཐུན་སྦྱོར་རྐྱེན་པས
ཁྱོད་ཀྱི་ཁ་གཏད་དུ་འགྲེང་བའི་མི་དེའི་སེམས་པའམ ཡང་ན
ཁོ་བོས་ཡུན་རིང་ཉར་བའི་སེམས་ཁོང་གི་མཛའ་བརྩེ་རེ་རེ
དེ་ལྟར་སྐད་ཅིག་མའི་རླབས་རྒྱུན་དང་འགྲོགས་ནས་དྲག་ཏུ་འཕྱུར་སོང
ཡིན་ཡང ཁྱོད་ཀྱི་འཛུམ་ཆུང་རེ་རེའི་མངར་ཁ་མ་བཟོད་པར
འཚེར་སྣང་གི་མགོ་བོ་དུད་པའི་ཁོ་བོར་མཚོན་ན
ཁྱོད་ཀྱི་ཁ་གཏད་དུ་ཁུ་སིམ་མེར་བསྡད་པར་དགོས་བ་ཅི་ཞིག་ཡོད་ཨང
སྒྲོ་བཏགས་དང་སྐུར་འདེབས་མེད་པར་དྲང་མོར་བཤད་ན
ཁྱོད་ཀྱི་ཁ་གཏད་དུ་འགྲེང་བའི་མི་དེའི་སེམས་པའམ ཡང་ན
ཁོ་བོས་ཡུན་རིང་ཉར་བའི་སེམས་ཁོང་གི་མཛའ་བརྩེ་རེ་རེ
དེ་ལྟར་སྐད་ཅིག་མའི་རླབས་རྒྱུན་དང་འགྲོགས་ནས་དྲག་ཏུ་འཕྱུར་སོང
༧ མཐོ་སྒང་གི་འབྲུ་སིལ་དམར་པོ
སྤེན་མ་དང་རྩྭ་སྔོན་སོགས་རི་སྐྱེས་གང་མང་གི་རྔམ་བརྗིད་ཁྲོད
ཆེས་སྤྱིར་བཏང་གི་སྐྱེ་ཚད་ལས་མེད་པའི་ལྗོན་རྩེ་ན
ཡིད་འོང་དང་ལྷད་མེད་ཀྱིས་འཛུམ་པའི་འབྲུ་སིལ་དམར་པོ
སྐྱེ་དངོས་གཞན་དག་ཞེ་ཕུག་ནས་སྡང་བའི་བ་མོའི་རེག་པ་ལས
ཁྱོད་ལ་བཅོས་མིན་གྱི་ལང་ཚོ་དང་ཞིམ་ཤ་རྫོགས
ད་དུང ཁྱོད་ཀྱི་ཕྱེད་ཀ་ནི་མཛེས་སྡུག་དང་ཕྱེད་ཀ་ནི་ལྷག་བསམ་ཉིད་དེ
ཁྱོད་ཀྱིས་རང་ལུས་ཡོད་ཚད་དྭངས་གཙང་གི་རྡོག་པོར་བྱས་ནས
འཇིག་རྟེན་འདིའི་ཆེས་ལེགས་པའི་སྐྱེས་སུ་ཕུལ་འགྲོ
རྩོམ་ཁུངས། ངེད་དྲ་བ།