གྲུ་གའི་འདྲེ་ཚང་།
མུན་ནག་རོལ་དུ་ཁྲིད་པའི་གྲུ་ག་དེར།
མགོ་སྐྲ་རླུང་ཁར་སྐྱོད་ཅིང༌།
གོས་མེད་སྒྲེན་མོར་རྒྱུ་བའི་འདྲེ་མོ་དེས།
སྡུག་ཡུས་ཀྱི་ངུ་སྐད་གཟན་མོས།
རི་གྲོང་འདིའི་རྨི་ལམ་གྱི་མངར་ཁ་འཕྲོག
འདྲེ་ཕྲུག་འགའི་སྐམ་རིད་གྱི་ལུས་ཕུང་གཉོམ་པོ་དེ།
ཁྱི་སྨྱོན་སྐོར་ཅིག་གིས་ས་སྣུམ་རྡོ་སྣུམ་བྱེད་བཞིན
མཆེ་བ་ཁམ་རེ་རྒྱབ་ཚེ།
ཨ་ཚ་དང་ཨ་རའི་ཨག་སྐད་ཀྱིས་གནམ་ས་གང༌།
ཐལ་རྡུལ་འདྲེས་མའི་ཙག་རླུང་ཞིག
ཤར་ནས་ནུབ་དུ་ཤུགས་ཀྱིས་གཡུག་ཚེ།
ལོ་མ་སེར་པོ་ལས་དབང་དང་འདྲ་བར།
ཡོད་ཚད་སྐྱ་ཐལ་ལེར་མཁའ་ལ་གཏོར།
སྨྲེ་སྔགས།
ངུ་འབོད།
སྡུག་ཡུས།
གྲུ་ག་དེར་ལྷིང་འཇགས་ཤིག་གཏན་ནས་མི་འདུག
རྩོམ་ཁུངས། ངེད་དྲ་བ།