ཡོད་ཚད་གད་སྙིགས་ཀྱི་ཁྲོད་ན་འདུག
གློ་བུར་དུ་མིག་ཕྱེས་དུས
ངའི་མིག་གི་ཕྱི་ནང་ཧྲིལ་བོར་གད་སྙིགས་ཀྱིས་ཁེངས་སོང
དངངས་སྐྲག་དང་བཅས་ལག་པ་གང་སར་གཡུགས་དུས
ལག་པས རང་ཉིད་ལ་མཁོ་བའི་དངོས་པོ་རྐྱང་རྐྱང་ཟིན་བྱུང
མིག་གོང་གཙང་མར་ཕྱིས་ཏེ་བལྟ་དུས
ང་རང་ གད་སྙིགས་སྒམ་ཞིག་གི་མཐིལ་ན་འཕག་འཚག་རྒྱག་བཞིན་པ་རྟོགས
ཁྱོན་ཧ་ཅང་ཆེ་བའི་གད་སྙིགས་སྒམ་དེའི་ནང་
ང་དང་ངའི་གྲོགས་པོ་ཚོ གཏོས་ཆེ་བའི་གད་སྙིགས་ཕོན་པོ་རེ་རེ་རེད
གད་སྙིགས་ཁྲོད ང་ཚོས་འཛེམ་དོགས་ཅི་ཡང་མེད་པར
གད་སྙིགས་སྤར་མོ་དང་སྤར་མོ་བྱས་ནས་ཟ་བཞིན་འདུག
དྲི་མ་ཞིམ་ཞིང་རོ་བཅུད་འཛོམས་པའི་གད་སྙིགས་ཀྱི་ཚོགས
ཏག་ཏག་རིན་པོ་ཆེ་སྣ་ཚོགས་ཀྱིས་གྲུབ
ཉིན་མཚན་དུས་དྲུག་ལ་གད་སྙིགས་དེ་ཟོས་ཤིང་གད་སྙིགས་དེ་གཞིབ་པས
ང་དང་ངའི་གྲོགས་པོ་ཚོ མདངས་གསལ་ཞིང་རྒྱགས་པར་གྱུར་བའི་སྐྱེས་ཆེན་རེ་རེར་གྱུར
གད་སྙིགས་ཁྲོད ཡིད་སེམས་སྤྲོ་ལྷང་ངེར
ང་ཚོས་ལྷ་ཡུལ་གྱི་འཚོ་བ་དངོས་སུ་རོལ་བཞིན་འདུག་ཨང་
གད་སྙིགས་ཁྲོད ཉི་འོད་འཕྲོ་ཞིང་ཆར་ཆུ་འབབ་པས
མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད
གད་སྙིགས་ཁྲོད རོལ་དབྱངས་འཁྱིལ་ཞིང་དྲི་ངད་ལྡང་བས
མིའི་རིགས་ཀྱིས་ལག་རྡང་སྦྲེལ་ནས་སྐོར་བྲོ་འཁྲབ
གད་སྙིགས་ཀྱི་འཇིག་རྟེན་དེ་ནི་
ང་ཚོས་ཡུན་རིང་ལ་སྨོན་པའི་དག་ཞིང་ངོ་མ་དེ་རེད
གད་སྙིགས་ཁྲོད སེམས་པ་ཧ་ཅང་སྐྱིད་ནའང
འདུ་འཛི་དང་འགྲན་རྩོད་ཀྱིས་ཁེངས་པའི་ཁོར་ཡུག་འདིས
ང་ལ་ཐང་ཆད་པའི་སྣང་བ་འཕྲོ་རིམ་འཕྲོར་བསྩལ་བྱུང་བས
ང་རང་ཆུང་དུས་ནས ཡིད་ཆེས་བརྟན་པོས་ཕྱི་རོལ་དུ་ཆས
མི་ལོ་སུམ་ཅུའི་རིང་ནུར་ནུར་མཐར་
དངོས་གནས་གད་སྙིགས་སྒམ་དེའི་ཁར་སླེབས་པ་བྱུང
སྒམ་དེའི་ཕྱི་རོལ་ནི
གཡའ་དག་པའི་ནམ་མཁའ་ཞིག་དང་ལྗང་ནེམ་ནེམ་གྱི་རྩྭ་ཐང་ཆེན་པོ་ཞིག་རེད
སྟོང་ལྷང་ལྷང་གི་ཕྱི་རོལ་ནི་ངལ་གསོ་སའི་བསྟི་གནས་ལེགས་པོ་ཞིག་རེད
ཕྱི་རོལ་ལ་བལྟས་ནས་ཡུན་ཙམ་འགོར་དུས
ཅི་ཡང་མེད་པའི་ཕྱི་རོལ་གྱིས ང་ ལ་སུན་སྣང་ཞིག་ངང་གིས་བྱིན་སོང
བརྩེ་མདངས་དང་བཅས་གད་སྙིགས་ཁྲོད་ཕྱི་མིག་གིས་བལྟ་དུས
གད་སྙིགས་ཁྲོད མི་ཧ་ཅང་མང་པོ་ཞིག་བྲེལ་འཚུབ་ཀྱིས་འགུལ་གྱིན་འདུག་ལ
ངའི་གཉེན་ཉེ་དང་གྲོགས་པོ ཆུང་མ་དང་བུ་མོ
ཕུ་ནུ་མིང་སྲིང་དག་ལ་འཛུམ་ཆུང་ལྷུག་ལྷུག་ཏུ་ཐོན་བཞིན་གདའ
ད་དུང་ངས་མི་ལོ་མང་པོ་ཞིག་ལ་ཁྲག་གིས་བྲིས་པའི་བརྩམས་ཆོས་དག
གད་སྙིགས་ཀྱི་གཏིང་རིམ་ལ་ཐིམ་ནས་འདུག་པས
ང་དངོས་གནས་ཕྱིར་ལོག་འདོད
ཞེ་བསམ་པའི་གཏིང་ནས་ཕྱིར་ལོག་འདོད
བལྟས་ཀྱིན་བལྟས་ཀྱིན
གད་སྙིགས་ཁྲོད འཇའ་ཚོན་སྣ་ལྔའི་གུར་ཕུབ་འདུག་ཅིང
སའི་གོ་ལའང་ གད་སྙིགས་ཁྲོད་དལ་གྱིས་འགུལ་བ་མཐོང་བས
དུངས་བ་ཞིག ངའི་སེམས་ཀྱི་གཏིང་རིམ་ནས་ཆུ་མིག་བཞིན་བརྡོལ་བྱུང་ལ
གློ་བུར་གློ་བུར ཕྱི་རོལ་ནི་འདྲེ་སྲིན་ཁེངས་པའི་འཇིག་རྟེན་ཞིག་ཏུ་མཐོང་བས
ང་རང་དངངས་སྐྲག་དང་བཅས
བྲེལ་འཚུབ་ཀྱིས་གད་སྙིགས་ཁྲོད་ནུར
དུངས་ཞེན་དང་བཅས དལ་མོར་གད་སྙིགས་ཁྲོད་བབས
གད་སྙིགས་འདིའི་ཁྲོད ང་ལ་མཁོ་བ་ཅི་འདྲའི་མང་པོ་མང་པོ་ཞིག་ཡོད་ཨང་
2006 7 28ཕ་ཡུལ་གཅན་ཚ་ནས
རྩོམ་ཁུངས། ངེད་དྲ་བ།