རྒྱལ་སྲས་ནག་པོ།
གོ་ལའི་ཁམས་འདིར འཚེ་སྦྱོར་གྱི་འཇིགས་སྣང་གིས་རི་བོ་དང་གཙང་པོར་རྒོལ་ཞིང
འགྲོ་བ་དག་གིས་མུན་ལྗོངས་རིང་མོ་ཞིག་ལུས་ལ་གྱོན་ཏེ་འཚོ་དགོས་བྱུང་བས
རྟེན་འབྱུང་གི་ལྟ་བ་དང ལས་འབྲས་ཀྱི་སྣང་བ་བཙན་པོ་དེའི་དབང་གིས
རྒྱལ་སྲས་ནག་པོ ཁྱེད་ཀྱིས་ས་ཆེན་གྱི་ཐོང་ག་ནས་ཞི་བའི་མར་མེ་སྦར་ཞིང
མུན་པའི་ཁམས་འདིར་ཐོ་རངས་ཀྱི་ནམ་ཟླ་བསུ་བཞིན་ཕེབས་དགོས་བྱུང
ནུས་མེད་ཀྱི་སེམས་ཅན་འདི་ཚོ་དང མགོན་མེད་ཀྱི་དྭ་ཕྲུག་འདི་ཚོས
རང་ཉིད་ཀྱི་ཁུར་བོ་རང་གིས་མི་ཐེག་པའི་དཀའ་ཚེགས་ཀྱིས་འོ་དོད་འབོད་ཅིང
ངལ་བ་ཁྲི་ཕྲག་གིས་དྲངས་པའི་ན་ཟུག་གིས་འགྲེ་རྡོག་ཡང་ཡང་རྒྱག་པས
སྐད་ཅིག་སྐད་ཅིག་ལ ཁྱེད་ཀྱིས་བྱམས་དུངས་དང་སྙིང་རྗེས་ཁ་ལོ་བྱེད་ཀྱིན
ཆེ་ཆུང་གི་ངོ་བོ་དབྱེར་མེད་དུ་འདྲེས་པའི་སེམས་ཅན་འདི་ཚོར་སྒམ་ཚུགས་ཀྱིས་གཟིགས་ཏེ
གཡོ་བ་མེད་པར ཡོད་ཚད་ལ་བདེ་བ་བླུད་ཀྱིན་བདེ་བའི་ཞིང་འཁོར་བཞེངས་པར་བྱེད
འཁོར་ལོ་ལྟར་འཁོར་བའི་འཁོར་བ་འདི་ཟག་བཅས་ཀྱི་རང་བཞིན་ཅན་དུ་གྱུར་པས
རྒྱལ་སྲས་ནག་པོ ཁྱེད་ཀྱིས་གང་ཟག་དག་ཅི་ཙམ་གྱིས་བདེ་ལམ་དུ་ཁྲིད་ནའང
མཐའ་བཞི་ཀུན་ཏུ་དེ་བཞིན་གྱི་སྡུག་བསྔལ་མང་བར་གྱུར་བའི་ཆོས་ཉིད་ཀྱིས
ཁྱེད་ཀྱིས་གསལ་ལྷང་ལྷང་གིས་ཟས་གཙང་སྲས་པོའི་སྡོམ་ཚིག་གསལ་བོར་བཀྲལ་ནས
སྙིང་རྗེ་ཡོད་ཚད་ཀྱིས་ཚང་མ་རང་ཉིད་ལྟར་རྒྱལ་སྲས་ཤིག་ཏུ་སྤྲུལ་འདོད་ཆེ་བས
ཁྱེད་ཀྱིས་ཚད་མར་གྱུར་ཞིང་སྙིང་ལ་བརྣག་པའི་གསུང་གི་ལེགས་བཤད་རེ་རེ
སྐྱོ་སྣང་གིས་བཀྱགས་པའི་འཇིག་རྟེན་དང སེམས་ཅན་ཚོའི་རྣ་ལ་ཡང་ཡང་སྒྲོག
འཇིག་རྟེན་འདི་ནས གང་ཟག་གང་མང་གིས་འཁོར་བའི་སྙིང་པོ་སེམས་ཀྱིས་མ་གཅུན་ཞིང
རང་ཉིད་ཀྱི་ལན་ཆགས་འཀྲུ་བར་བཟོད་སྒོམ་དང་བྱམས་བརྩེས་སྟོང་པས
སེམས་པ་འགུལ་སྟངས་རེ་རེ་དང དེ་ལས་བརྡོལ་བའི་ཧམ་སེམས་རེ་རེས
ཕ་བུ་ནང་འཁོར་གཟི་བརྗིད་ཀྱིས་གསོད་ཅིང དམར་ནག་ཁྲག་གི་ཤ་འོད་བརྡོལ་བས
རྒྱལ་སྲས་ནག་པོ ཁྱེད་ཀྱིས་ཞི་བ་དང་བྱམས་པ་ཕྱག་མགོར་དཀྲུས་ཏེ
མ་དག་པའི་སྐྱེ་བོ་འདི་ཚོའི་མགོ་ལ་བྱིལ་བྱིལ་གྱིས དག་པའི་ཁ་ཕྱོགས་དེར
ཕྱག་མཛུབ་ནན་གྱིས་བཀེར་ཞིང་ཐབས་ཤེས་ཟུང་གིས་ཡོད་ཚད་སྲུང
ད་དུང འཁོར་བའི་ཞིང་དུ བདག་འཛིན་གྱི་དུ་སྤྲིན་ནག་པོ་མུན་པའི་ཚུལ་གྱིས་རྒྱུ་བས
གང་ཟག་དག་གིས་ཐོབ་འདོད་ཀྱི་རེ་བའི་ལམ་དུ་འཚང་ག་ཡང་ཡང་རྒྱག་ཅིང
རང་ལུས་འོབས་དོང་དུ་ལྷུང་དོགས་ཀྱིས་སེམས་པ་འདར་འདར་ངང
སྐར་ཆ་རེ་རེར་དབུགས་རིང་འདེབས་ཤིང འོ་དོད་རྒོད་པའི་འགྲོ་བ་འདི་ཚོར
ཁྱེད་ཀྱིས་བཙན་ཁ་ཐག་པའི་བྱིན་རླབས་ཀྱི་རོལ་རྩེད་ཀྱིས་ཡར་ལ་འདྲེན་ཅིང
ཡོད་ཚད་སྐྱོང་བ་ལ བྱམས་དུངས་ཀྱི་ཕྱག་རྒྱ་ལན་མི་ཆད་པར་གཡོ
ཀྱེ་མ འགྲོ་བའི་ཁམས འཁོར་བའི་ཞིང གོ་ལའི་སྟེང་འདིར
འབྱུང་བཞི་ཁྲོས་པའི་ང་རྒྱལ་གྱིས་སྲིད་པར་རྨ་ཁ་བཟོ་ཞིང
ལས་དབང་གི་རྒྱུ་འབྲས་ཀྱིས
ཉམ་ཆུང་གི་འགྲོ་བ་དང ནུས་མེད་ཀྱི་དུད་འགྲོ་ཚོ སྡུག་བསྔལ་གྱིས་གཟིར་བས
འགྲོ་དྲུག་ཀུན་མཁྱེན་ས་ལམ་མ་བཀོད་དེ་སྲིད་སྲིད་པ་མི་གཏོང་བར་བདེན་ན
རྒྱལ་སྲས་ནག་པོ ཁྱེད་ཀྱིས་འཇིག་རྟེན་འདི་སྐྱུར་ཏེ་ཕེབས་མི་འོས་ཤིང
འཇམ་པའི་ངག་དང ཞི་བའི་ཉམས བརྩེ་བའི་སེམས་བཅས་ཀྱིས
འགྲོ་བ་འདི་མཐའ་ནས་སྐྱོང་རོགས
སེམས་ཅན་ཚོར་ཁ་ཕྱོགས་ཡང་དག་ཅིག་སྟོན་རོགས
རྩོམ་ཁུངས། ངེད་དྲ་བ།