བྱིའུ་ཆུང་ཚེ་རིང་མཚོ་མོ།
གང་ལྟར རླུང་འཚུབ་ཀྱི་མཇུག་འབྲས་ཉམ་ང་རུང
ཁྱོད་ཀྱིས་ངའི་ཟླ་བ་ཁྱེར་ནས་མཚན་མོ་ཞིག་ལ་བྱོལ
རང་སེམས་སྡུག་ལ་སྦྱར་བའི་གཏམ་རྒྱུད་ཁ་ཤས་སུ
སྨག་རུམ་གྱི་དབུས་ན་ཁྱོད་ཉིད་གཅེར་བུར་ཉལ
ངས་ཁྱོད་ཀྱི་གྲིབ་ནག་གང་ཙམ་ཞིག་ཕྱིར་དྲན་ལ་བཅོལ་ནས
གསོལ་འདེབས་ཤིག་མྱུར་བར་འདེབས་ནུས་ན
འོད་དུ་འབར་བའི་སྐར་མ་རེ་རེ་ཆག་གྲུམ་བྱུང་བའི་འཇིགས་སྐྲག་གིས
རེ་སྒུག་ཅིག་ལ་ཡོད་ཚད་འབུལ་རུང རྒྱང་རིང་ནི་སྟོང་འཇགས་སེ
རྒྱང་རིང་སླེབས་དཀའ་བ་ལ
ཟླ་བ་ཡ མཚན་མོ་ཡ
སྣང་ངོའི་འཇིག་རྟེན་མཛེས་པ་མཛེས་པར་མི་སྣང་རུང
རང་སེམས་ཀྱི་སྡུག་བསྔལ་ཤོག་ངོར་ཕབ་ཐབས་བྱས་ཀྱང
སེམས་པ་ལྡོམ་པོར་ན་ཟུག་གིས་ཁེངས་པའི
ངས་ཕལ་ཆེར་རྨི་ལམ་གྱི་མཐའ་ན་ཁྱོད་རང་ལྷག་ཡོད་མེད་མི་ཚོར
བཅོས་མ་མིན་པའི་སྟེས་དབང་ཞིག་གིས
ཁྱོད་རང་ཤར་དུ་ཡོད་དམ ཁྱོད་རང་ནུབ་ན་ཡོད་ཅེས
གདུང་སྐལ་ལྗིད་མོས་སྙིང་རུས་སོགས་བཅག
སྨག་རུམ་གྱི་ཀློང་ན་ཆར་བ་ཤག་ཤག་ཏུ་འབབ་དུས
ངས་རྒྱང་ལྟ་རུ་འཁོར་བའི་ཁྱོད་ཉིད་ཁུ་སིམ་སིམ་གྱིས་རྒས་
ཁུ་སིམ་སིམ་ནི་དོན་སྙིང་དང་བྲལ་བས
ངའི་རང་སེམས་ཀྱིས་མགོན་སྐྱབས་ཤིག་འཚོལ་བ་གློ་བུར་ཏུ་དྲན
ངའི་སྐྱེས་པ་འདིའི་ལས་དབང་ལ་འཁང་ར་སྤུངས་བཞིན
ཚེ་གཅིག་ལུས་གཅིག་ཡུལ་གྱར་གྱི་ལོ་ཟླ་རོལ་བ་ལས
མཐོང་ཐོས་རྣམས་ཡིག་རྡོག་གཅིག་ཏུ་འབྲི་རྒྱུར་ཤིན་ཏུ་སྐྲག་པའམ
ཡང་ན་ལྷིང་འཇགས་ཤིག་དཀྲོགས་སྐལ་བྲལ་སྙམ
མར་མེ་དེ་མ་གཟིམས་པའི་བར་དུ སྟོང་འདང་ཞིག་ལ་ཉུལ
སྟོང་འདང་གི་འགོ་རུ ཁྱོད་བྱེའུ་ཆུང་ཇི་བཞིན
ངའི་ཞོགས་པར་འཕུར་འོང་སྟེ
ཁ་བ་ཟིམ་ཟིམ་དུ་འབབ་པའི་ཞོགས་པར་
ངས་ད་གཟོད ངའི་མིག་ཀོང་ལ་བརྗོད་དཀའ་བའི་མཆི་མ་གསོག་བཞིན
ཁྱོད་ཀྱི་མིང་ནས་ཡང་ཡང་འབོད་སའི་ཞིང་ཁམས་ཡོད་གྱུར་ན
ང་སྤྲང་བོའི་མི་ཚེར་སྨོན་པ་འཆོར་ན་ནི
ཁྱོད་ཀྱིས་སེམས་འགོར་རྨ་ཁ་གྲངས་མེད་ཕབ་སྲིད
བར་ཐག་ཅིག་ལས་དབང་ལ་སྦྱར་ཙ་ན
མ་འོངས་པའི་ཁ་ཕྱོགས་སུ་ཅི་ཡོད
མེ་ཚེ་དང་གངས་འཁྱག་གི་ཆག་འཇིག་གང་རུང་མེད་ཀྱང
རླུང་འཚུབ་ཀྱི་མཇུག་ཏུ བྱེའུ་ཁྱོད་ཀྱི་རྨི་ལམ་ལྟ་བུའི་མཐོང་སྣང་ལ
མཛེས་སྡུག་གང་ཡང་འཇོག་དཀའ་བ་ནང་བཞིན
བསམ་བསམ་པའི་སྙན་ངག་གི་ཚོར་སྣང་སྡུག་བསྔལ་འབའ་ཞིག
ནམ་ཡང་སེམས་པ་སྲུང་བའི་བྱེའུ་ཆུང་ཆུང
ཐག་རིང་ཐག་རིང་ལ་འཕུར་ཤུལ་ཏུ
ཐག་རིང་ལ་སློང་མོ་བྱས་ཀྱང་ཡིད་ཆེས་ཆུང་བས
ངས་རྨི་ལམ་མ་ཡིན་པའི་སྐལ་བ་ག་ཚོད་གཅེས་སུ་བརྩིས་ནས
བྱེའུ་ཁྱོད ངས་ཁྱོད་ལ་ཉན་བཞིན
ཐོག་མའི་འབོད་པ་རུ་བཞུར་བའི་ཐ་སྙད་ཐམས་ཅད
ད་་ལྟ་ཡང་བསྐྱར་བློ་ངོར་འཐུ་ན་འདོད
༢༠༠༦ལོའི་སྤྱི་ཟླ་༥ནས་༦
རྩོམ་ཁུངས། ངེད་དྲ་བ།