ཉི་མ་ལྷ་ས།(ཞར་བཀོད་གཉིས་ཡོད)
ཉི་མ་ལྷ་ས མི་ཡུལ་གྱི་དག་ཞིང་ཡིན་ཟེར
མི་རབས་ཅིག འདི་ལྟར་
བསངས་དུད་ཀྱི་འདུ་འགོད་དང་ལྷན་དུ་ལམ་ལ་ཆས་ཟིན
ད་དུང་མི་རབས་གཅིག
ཨར་ཁང་དང་ནང་མ་སྤྲོ་སྐྱིད་ཁང་དུ
རྨི་ལམ་གཞན་ཞིག་གི་གསོལ་སྟོན་ལ་རོལ
ཉི་མ་ལྷ་ས
སྣང་ལ་མ་ངེས་པར་ཟད་པའི་ཆུ་ཚོད་ཀྱི་རྡོག་སྣེ་རུ
ལམ་ལམ་འཐུལ་བའི་ཁ་དབུགས་འདིས
ཁྱོད་ཀྱི་ཡོད་ཚད་ལ་སྐྱ་ཐིག་ཕབ་ཟིན
བར་སྐོར།
བསྐྱར་ཟློས་ཀྱི་རྐང་རྗེས་གྲངས་མེད་ཐོད་ལ་ཁུར
རིགས་ཞེན་དང་མི་གཤིས་ཀྱི་ཚོང་ཟོང་སྤྲིན་ལྟར་འཁྲིགས
ཅི་ཞིག་བརྗེད་ཟིན་ལྟར
ཇུས་བཟང་གི་ཉི་མར་ལྡེ་བའི་བོད་པ་རྣམས
ཟོ་འཆུན་བཞིན་འཁོར་ཆོག་པའི་གནས་འདི་ནས
ནུབ་ཁའི་མཚམས་སྤྲིན་ལ་སྒུག་པ་འདྲ
མ་སྐྱེས་ཨ་མ།
སྟེས་དབང་གི་ཕྱིར་མིག་དེས
ཚངས་དབྱངས་རྒྱ་མཚོའི་རྨི་ལམ་དཀྲོགས
བདེ་སྐྱིད་ཅིག་དང་སྡུག་བསྔལ་ཞིག
ཐོབ་ཤོར་གྱི་གཡུལ་ས་དེ་ནས
ཚངས་དབྱངས་རྒྱ་མཚོ་རྐང་ཐང་གིས
ཁྱེད་ཉིད་སྒོམ་བཞིན་རྒྱང་ལ་ཆས
སྐབས་དེའི་ཁྱོད་དེ་རིང་ནང་བཞིན
ལྷ་སའི་བར་སྐོར་ན་དྲན་གདུང་གིས་མནར་ཡོད་དམ
རྩོམ་ཁུངས། ངེད་དྲ་བ།