ནུབ་རླུང་གི་འོག་ན།
ས་ཆེན་པོར་གྲིབ་ཆེན་གོན་བྱུང
བྱ་རྒོད་ཚོས་རེ་རེ་བཞིན་ཚང་མང་སྙེག་གིན་འདུག
ནུབ་རླུང་གི་འུར་སྒྲ་ཁོ་ནས
ངའི་ནམ་མཁའ་དང་ས་གཞི་སྒུལ་བྱུང
འདི་ལྟར་གྲིབ་ནག་གི་སོ་ཁ་ཕྱོགས་བཞི་ནས་མཆེད་འོངས་དུས
བདག་གིས་ཟིང་ངེར་གཟེངས་པའི་རང་ཉིད་ཀྱི་སྐྲ་ལོ
རླུང་གིས་སྒུལ་ཚུལ་མཐོང་ཞིང
དཀར་བང་བང་བཀྲམས་པའི་མེས་པོ་ཚོའི་རུས་ཀོག
ནུབ་རླུང་གསི་འགམས་ཚུལ་མཐོང
དེ་ལྟར་བྲེལ་སྟབས་ཀྱིས་འོང་བའི་གྲིབ་སོ་ནག་པོས
སུ་ཞིག་གི་ཁེར་རྐྱང་གི་རྡོག་སྒྲ་རྒྱང་དུ་འཁྱེར་དུས
ཐག་རིང་གི་ནམ་མཁའ་ཡ ཁྱེད་རང་གང་ན་ཡོད
ནམ་རྒྱུན ས་རུབ་ནས་འོང་དུས
ཁྲག་མདོག་གི་གཏམ་རྒྱུད་རྫོགས་མེད་ཅིག
སུ་ཞིག་གི་ཆེས་ཆེར་ཕྱེས་པའི་བྲང་ཁོག་ལ་ཤུགས་ཀྱིས་བབས
ས་གཞི་གྲིབ་ཆེན་གྱིས་ཟ་བའི་ཉམས་ཉེས་ཁྲོད་ནས
ངས་ནག་ཐིང་ཐིང་གི་གྲིབ་གཟུགས་མང་པོ་ཞིག་མཐོང་མི་འདོད
ཐ་ན ཉི་འོད་ཁྲོད་བླངས་པའི་ཁ་བ་སྤར་མོ་གང་བོའང
དེ་ལྟར་དུ་མུན་པར་འདྲེས་སོང་བས
ད་ནས་བཟུང ངས་རང་ཉིད་ལ་ལེ་བདའ་མི་བྱེད
མཐའ་མི་དཔོག་པའི་རི་ཀླུང་གི་མཛེས་སྡུག་ཡོད་ཚད་ཡ
བདག་ལ་སྒོ་མོ་རྒྱག་རོགས
ངའི་བརྩེ་དུང་དང་ཡིད་ཆེས་ལ་སྒོ་མོ་རྒྱག་རོགས
ངའི་ཡིད་སྨོན་དང་རེ་སྒུག་ལ་སྒོ་མོ་རྒྱག་རོགས
འདི་ལྟ་བུའི་མུན་ནག་གི་ཀློང་རིམ་ཞིག་ནས
ང་རང་དལ་འཇགས་སེ ཁེར་རྐྱང་གིས་བགད་ཆོག་ལ
འཇམ་ཐིང་ངེར ཁེར་རྐྱང་གིས་ངུས་ཀྱང་ཆོག
དེ་ནི་མཛེས་སྡུག་གི་ལོངས་སྤྱོད་ཅིག་གི་སྔོན་འགྲོ་ཡིན
དེ་ནི་མཛའ་སེམས་ཀྱི་ཕྱི་ཐག་ཅིག་གི་རང་གཤིས་ཡིན
གནའ་མཁར་གྱི་རྩིག་པ་རེ་རེ་ཆུ་ཡིས་འཇིག་ཤུལ་ན
སྦྲ་ནག་གི་ཆོན་ཕུར་རེ་རེ་རླུང་གིས་བཅད་ཤུལ་ན
ངས་མེ་སྟག་བཞིན་ཡལ་བཞིན་པའི་ཁྱེད་ཀྱི་ངོ་གདོང་འཚོལ་བཞིན
སྐར་མདའ་བཞིན་འགྲོ་བཞིན་པའི་བདག་གི་དུངས་སེམས་ལ་ཉན་ཡོད
ད་ནས་བཟུང སྒྱིད་ལུག་གི་ཉིན་ཞག་བར་ནས
ང་རང་ཕག་པ་བཞིན་གཉིད་དུ་འཇུག་རོགས
ལོ་ཟླ་ཡི་འཁོར་སྐྱོད་ཁྲོད་ནས
ང་རང་དུས་ཚོད་ལྟར་འགྲོ་རུ་འཇུག་རོགས
ཉི་འོད་མེད་ས་ནས ཚེ་སྲོག་གི་སྒྲ་དབྱངས་རྒས་སོང་བས
ཆར་སྤྲིན་སྟོང་ས་ནས རི་ཆུ་ཡི་མཚར་སྡུག་སྐམ་ཚར་བས
མུན་ནག་གི་གཏིང་རུམ་ཞིག་ནས
ང་རང་འདི་ལྟར་ཉེས་ཅན་བཞིན་བསྐྱུར་རོགས
ཉི་འོད་ཕྱོགས་རིས་ཀྱིས་ཁུར་བའི་ཉིན་སྲིབས་ཀྱི་ཁྱད་པར་ཙམ་རེད
མཛའ་བརྩེ་རླུང་ཁ་ན་བསྐྱོམས་པའི་རྩྭ་ཕྲན་གྱི་འགུལ་སྟངས་ཙམ་རེད
གང་ཡང་མེད་ས་ཞིག་ནས
ངས་རྫུན་བཟོ་ལྟར་གྲུབ་པའི་རང་ཉིད་ལ་བལྟ་འདོད
ངའི་ཕྱོགས་བཞི་ལ འཁྱག་རླུང་གི་བཙན་རྫོང་བསྐོར་ནས་སྡོད
ངའི་སྟེང་འོག་ལ མདའ་མདུང་གི་སོ་ཁ་སྒྲིག་ནས་སྡོད
ངས་རང་ཉིད་ལ་གསེར་ལས་ལྷག་པའི་ལུས་ཟུངས་འདི་གཏའ་མར་བཞག་སྟེ
ཁྱོད་ཁོ་ནའི་འདོད་རྔམ་དང་ང་རྒྱལ་ལ་སྒུག་ཆོག
དུས་ཚོད་ཀྱི་སྔ་ཕྱིའི་ཁྲོད་ནས་སྒུག་ཆོག
བརྩེ་དུང་གི་རུས་རྐང་བར་ནས་སྒུག་ཆོག
༢༠༠༦ ༣ ༡༤
རྩོམ་ཁུངས། ངེད་དྲ་བ།