དུས་ཚོད་ཀྱི་མགྲིན་པའི་ངོས་ལ་ཁྲག་ཐིགས་འཛར་དུས།
དུས་ཚོད་ཀྱི་མགྲིན་པའི་ངོས་ལ་ཁྲག་ཐིགས་འཛར་དུས
ཁྱོད་ཀྱིས འཛར་འཛར་གླུ་སྐད་མཚམས་མི་འཇོག་པར
སྙིང་ལ་གཟེར་བའི་གནའ་བོའི་གཞས་ཚིག་རེ་རེ་བཞིན
ཁང་མིག་དེ་ལས ཡང་ཡང་སྐྱུག་ལྡད་བྱེད
དེ་དག་ལས མིག་ཟུང་སྐྱེས་ཐུབ་པར་ཡིད་ཆེས་པའི་མི་བུ་དེ་ཚོ
མགྲིན་པར་གཤོག་པ་ཐོགས་པའི་འཚོ་བའི་གྲུ་ཟུར་རེ་རེ་ན
དེ་ན ཁྲག་དང་རྣག་གི་གདུང་བ་སེལ་བའི་རྒྱ་མཚོ་ཆེན་པོ་ཞིག་ཡོད་པར་ངེས
མཚན་མོར ང་རང་ཐོག་ཁང་གི་ལྕམ་སྣེར་འགྲེང་ནས
བཞུར་གྱིན་པའི་གྲོང་ཁྱེར་གྱི་མཛེས་སྡུག་དང་སྐྱོ་སྣང་ཐམས་ཅད
གློག་ཏོག་ཆུང་ཆུང་དེའི་ཚེ་སྲོག་ལ་འཁྲུལ་ནས
མིག་ཆུ་ཡིས་བསླང་བའི་གླུ་སྐད་དེ་ཐག་རིང་གི་རླུང་བུར་བསྐུར
རྨི་ལམ་དུ་ཡང་ཡང་འཁོར་གྱིན་པའི་མཛེས་མའི་ངོ་གདོང་དེ
དུས་ཚོད་ཀྱི་བར་སྣང་བརྒལ་ནས་ལོ་ཟླ་ག་ཚོད་བཞུར་ཚར
མི་བུ་ཚོ ཁྲག་དང་རྣག་ལ་ཞེ་ཧམ་པའི་མི་བུ་དེ་ཚོ
དུས་ཚོད་ཀྱི་བར་སྣང་ན ལམ་ཐག་གཅིག་ལ་ངོས་གཅིག་་པའི་མིག་ཟུང་དེ་ལས
འཚོ་བ་འདིའི ངོ་གདོང་གཞན་དེ་མངོན་ཆོག་གམ
དུས་ཚོད་ཀྱི་མགྲིན་པའི་ངོས་ལ་ཁྲག་ཐིགས་ཡང་ཡང་འཛར་དུས
ང་གཅིག་པུ ད་དུང་ཐོག་ཁང་གི་ལྕམ་སྣེ་ན་ལུས་ལུས་ཡོད
༢༠༠༧ ༤ ༡༧
རྩོམ་ཁུངས། ངེད་དྲ་བ།