སྙན་རྩོམ་ལྕགས་ཐག་མ།
དང་བོ། ལྕགས་སྦྲུལ།
ད་ནི་མཚན་མོའི་ཆུ་ཚོད་གཉིས་པ་སྟེ
ང་དང་ངའི་གྲོགས་པོ་ཚོ་ལྕགས་སྦྲུལ་འདིའི་ལྟོ་བ་ན་ཡོད
ཅི་ཡང་ནུས་ལ་ཅི་ཡང་མི་ཤེས་པའི་ལྕགས་སྦྲུལ་འདིས
ང་ལྟ་བུའི་མུན་འཐོམས་མང་པོ་སྒོག་མིད་བརྒྱབ་རྗེས
པོ་ཏ་ལ་དམིགས་བཞིན་འདུག ལྷ་ས་གྲོང་ཁྱེར་དམིགས་བཞིན་འདུག
ཇོ་བོ་རིན་པོ་ཆེ་དམིགས་བཞིན་འདུག
ལྕགས་སྦྲུལ་འདིས་རྨ་རྒྱལ་སྦོམ་རའི་གཟི་བརྗིད་བརྐུས་ནས
ལྕགས་སྦྲུལ་འདིས་ཁྲི་ཤོག་རྒྱལ་མོའི་ལང་ཚོ་འཕྲོག་ནས
ཅི་ཞིག་གི་ཕྱོགས་སུ་ནུར་བཞིན་འདུག
གདང་ལ་རི་བོ་བཙན་གྱིས་ཕིགས་ནས
རྨ་ཀླུང་སྔོན་མོ་འཕྲེད་ཀྱིས་བཅད་ནས
ལྕགས་སྦྲུལ་འདི་བརྩོན་པས་སྐྱོད་བཞིན་འདུག
མདོར་ན ལྕགས་སྦྲུལ་འདིའི་ལྟོ་བར་མར་དང་རྩམ་པ་ཡོད་ལ
བོད་སྐད་དང་མ་ཎིའང་ཡོད་པས
ལྕགས་སྦྲུལ་འདི་གང་ཞིག་གི་ཆེད་དུ་འབད་པས་ནུར་གྱིན་ཡོད་དམ
2006 12 5ཉིན་ལྷ་སར་འགྲོ་བའི་མེ་འཁོར་དུ།
གཉིས་པ། དགའ་ལྡན་དགོན་པ།
ཞོགས་པའི་ཉི་ཟེར་དང་ལྷན་ཏུ་ངས་ཁྱོད་ཀྱི་གསེར་ཏོག་མཐོང་ཞིང
སྨོན་པའི་མིག་ཆུ་ཡི་ཀློང་ནས་ང་ཁྱོད་ཀྱི་གསེར་ཁྲི་དང་མཇལ
ཁྱོད་ཀྱི་གདོང་གི་ཁ་ཆར་དང་ལོ་རྒྱུས་ཀྱིས་བཞག་པའི་གཉེར་མ་དག་མཐོང་དུས
ངས་སྐྱེས་ཆེན་ཚོའི་ཐལ་སྒྲ་ལས་འཁྲུངས་བའི་ཕོ་བྲང་དེ
ཐེར་ཟུག་དང་དྲི་མེད་ཀྱི་ངོ་བོར་གྲུབ་པ་རྟོགས་ཤིང
དགའ་ལྡན་རི་བོའི་རྩེ་ནས་ཆགས་པའི་གཏམ་རྒྱུད་དེའང
ཨ་མའི་བཤད་པའི་འཁྲུལ་མེད་ཀྱི་གནས་ལུགས་ཡིན་པ་ག་ལེར་རྟོགས་སོང
དགའ་ལྡན་ཤར་རྩེ་དང་བྱང་རྩེ་གཉིས་ཀ
ཁོར་ཡུག་གཅིག་གི་མཛེས་སྡུག་དང
གོས་ཆེན་གཅིག་གི་རི་མོ་ཡིན་ནའང
ངས་ཤར་རྩེ་ནས་བྱང་རྩེར་ལྟ་དུས་དང
བྱང་རྩེ་ནས་ཤར་རྩེར་ལྟ་དུས
སྐྱོ་བ་ཞིག་དང་སྨྲེང་བ་ཞིག་སྐྱེས་སོང་ལ
རྒྱུས་མེད་ཅིག་དང་ཁ་ཐག་རིང་བའི་སྣང་བའང་སྐྱེས་སོང
གང་ལྟར ངས་ཤར་རྩེ་ནས་བསྒྲོན་པའི་མཆོད་མེ་དེ
བྱང་རྩེ་ལ་ཕུལ་བའི་སྨོན་འདུན་ཡིན་ཞིང
བྱང་རྩེ་ནས་གཏོར་བའི་མེ་ཏོག་ཆུན་པོ་དེ
ཤར་རྩེ་ལ་བཞག་པའི་གྱེས་ཁ་མའི་སེམས་པ་ཡིན
2007 1 3ཉིན་ལྷ་སར་བྲིས།
གསུམ་པ། འབྲས་སྤུངས་དགོན་པ།
ཁྱོད་ཀྱིས་སྐྱེས་ཆེན་མང་བོ་ཞིག་གི་དྲན་པ་བརྐུས་མྱོང་ལ
ཨ་མདོ་བ་མང་བོ་ཞིག་ལ་ཕྱོགས་རིས་ཀྱང་བཟུང་མྱོང་ཟེར
ང་ལ་ཀུན་མཁྱེན་བླ་མ་ལྟ་བུའི་ཐུགས་དགོངས་མེད་ལ
དགེ་འདུན་ཆོས་འཕེལ་ལྟ་བུའི་རྣམ་དཔྱོད་དབེན
ད་དུང་ཀླུ་འབུམ་མི་རྒོད་ལྟ་བུའི་ནུས་རྩལ་མེད་པས་མིན་ན
ངས་ཁྱོད་ཀྱི་རྒྱ་ཕིབས་ལས་གསེར་མདོག་འཕྲོ་བ་མཐོང་ཞིང
ཁྱོད་ཀྱི་ལྷིང་འཇགས་ཀྱང་ལྷིང་འཇགས་དངོས་དེ་ཡིན་པར་སྙམ
ད་ལྟ འབྲས་ཕུང་དང་མི་འདྲ་ནའང་འབྲས་སྤུངས་ཐོགས་པའི་དགོན་ཆེན་ཀྱེ
བདག་གི་བླ་མ་ཀུན་མཁྱེན་པ་ལ་ཁྲེལ་འཛུམ་གནང་བའི
འཇམ་དཔལ་དབྱངས་དེ་གང་ན་ཡོད
བདག་གི་དྲན་དབང་དགེ་ཆོས་དེ་ཡིས་རིགས་པས་བྲིས་བའི
རྟོག་གེའི་དམ་བཅའ་གང་ན་ཡོད
བདག་གི་དཔའ་རྒོད་ཀླུ་འབུམ་པ་དེས་རྩལ་གྱིས་བསླངས་བའི
ལོ་རྒྱུས་རྡོ་རིང་གང་ན་ཡོད
རྡོ་དང་ཐལ་སྒྲ་ཡིས་བསྐྲུན་པའི་འབྲས་དཀར་སྤུངས་པ་ཨང
ཨ་མདོ་བ་མང་བོ་ཞིག་ཁྱོད་ལ་རེ་ཞིང་ཁྱོད་ལ་ཐིམས་ནའང
ཁྱོད་ཀྱིས་ཨ་མདོ་ཚོར་ཅི་ཞིག་བཞག་ཡོད
2006 12 28ཉིན་ལྷ་སར་བྲིས།
བཞི་བ། སེ་ར་དགོན་པ།
དད་ལྡན་ཁྲི་འབུམ་གྱི་ཐལ་མོའི་ཀློང་ན
ཧ་ཅང་ཡིད་འོང་གིས་སྡོད་པའི་སེ་ར་དགོན་ཆེན
སྲ་མཁྲེགས་གཞོམ་བྲལ་གྱི་རྡོ་བའི་སྙིང་ན
ཁོ་ཚོར་སྡང་མིག་གིས་ཅེར་བའི་རྟ་མགྲིན་རང་བྱོན
ལྷ་སའི་ཆང་སེར་གྱི་དྲི་མ་རྫོབ་པོ་དེ
ཁྱོད་ཀྱི་བསྐོར་མཐའ་ན་ཨུ་ཚུགས་ཀྱིས་མཆེད་ཀྱིན་ཡོད་ལ
དམག་མིའི་རླངས་འཁོར་གྱི་ཉེན་བརྡ་འཇིགས་པོ་དེ
ཁྱོད་ཀྱི་གླིང་བར་ན་གཟབ་ནན་གྱིས་གྲགས་ཀྱིན་ཡོད་ནའང
ཁྱོད་ལ་རྡོ་བའི་རྩིགས་པ་དང་གཙང་ཆུའི་སྙིང་སྟོབས་ཡོད་པས
སྐྲ་ལོ་དཀར་པོར་གྱུར་བའི་ཨ་མ་ལོ་ལོན་དེས
སྒྲོལ་མའི་དབྱངས་རྟ་མ་ཎི་འཁོར་ལོའི་དྲིལ་སྒྲ་དང་མཉམ་དུ་གྱེར་ཆོག་ལ
གདོང་ལ་ཚིལ་དྲེགས་ཆགས་པའི་བྱིས་པ་ཆུང་ཆུང་དེས
སྔར་ལྟར་སློང་མོ་ཡི་སྤར་ཁ་གཞན་ལ་བཟེད་ཆོག
2006 12 27ཉིན་ལྷ་ས་རུ།
ལྔ་བ། པོ་ཏ་ལ།
ཁྱོད་ཀྱི་སྒོ་ཆེན་དང་རྡོ་སྐས་རེ་རེ་རིམ་གྱིས་བརྒྱུད་དུས
ངས་རང་ཉིད་རང་ཉིད་མ་ཡིན་པར་སེམས་ཤིང
རང་ལའང་ངོམ་ཆོག་ཆོག་གི་མགོ་བོ་ཞིག་ཡོད་པར་སྙམ
བདག་གི་མང་བོ་མང་བོ་ཞིག་སྔ་མོ་ནས་ཚར་སོང་ནའང
ཁྱོད་གཅིག་བུ་བདག་གི་ཆེད་དུ་ཨུ་ཚུགས་ཀྱིས་བསྡད་འདུག
བདག་མེད་ཀྱི་ཅ་ནེ་ལྟ་བུའི་པོ་ཏ་ལ་ཨང
མང་བོ་ཞིག་གིས་ཁྱོད་རང་རྒྱབ་ལ་གྱོན་ཞིང་ཁ་ལ་ཟོས་ནའང
ཁྱོད་ཀྱི་བརྟན་བརླིང་དང་བྱེད་ནུས་ལ་འགྱུར་བ་དབེན་ཞིང
ཐ་ན་ཁྱོད་ཀྱི་རྩིགས་བར་ནས་ཟགས་པའི་ས་རྡུལ་རེ་རེའང
བཙན་པོ་དང་བཙུན་མོ་གང་ཞིག་གི་རྔུལ་ཆུའམ་ཟུངས་ཁྲག་ལ་འཁྲུལ་འགྲོ
ཁྲལ་དང་འུ་ལག་གིས་གཙེས་བའི་གཡོག་མོ་ལྟ་བུའི་པོ་ཏ་ལ་ཨང
ཁྱོད་ནི་རྒྱ་བཟའ་ཀོང་ཅོས་ཨ་མ་དྲན་དུས་ངུ་རོགས་ཡིན་ལ
ཚངས་དབྱངས་རྒྱ་མཚོ་སྐྱོ་བས་གཟིར་དུས་སྐྱོ་རོགས་ཀྱང་ཡིན
ཆུང་དུས་ནས་ཁྱོད་དང་འདྲིས་བའི་ཨ་མདོའི་གཞོན་ནུ་དེས
ཁེར་རྐྱང་གི་ཞབས་རྗེས་རེ་རེ་ཁྱོད་ཀྱི་པང་ནས་འཇོག་དུས
ཁྱོད་ཀྱིས་བདག་གི་དྲོད་ཁོལ་ཡལ་འགྲོ་ཞེས་ཀྱང་སྨྲ་མ་ནུས
མེ་གསོད་འཕྲུལ་ཆས་ཀྱིས་ཁེངས་བའི་པོ་ཏ་ལ་ཨང
ང་ལྷ་སར་ཡོང་དོན་ཁྱོད་ཁོ་ནའི་ཕྱིར་དུ་མིན་ནའང
ང་ལྷ་སར་ཡོང་དོན་ཁྱོད་ལ་འབྲེལ་བ་མེད་ཅེས་སུ་ཞིག་གིས་སྨྲ་སྤོབས
2007 1 4ཉིན་པོ་ཏ་ལའི་ཐང་ཆེན་དུ།
དྲུག་པ། གཙུག་ལག་ཁང༌།
ངས་ཐོག་མར་དམིགས་པ་ཁྱོད་ཡིན་ནའང
ང་ལ་ཐོག་མར་འཚམས་འདྲི་བྱེད་མཁན་ནི
ཁྱོད་ཀྱི་བར་སྐོར་ན་ཡོད་པའི་སྤྲང་བོ་དེ་ཚོ་རེད
ང་རང་ཕ་ཡུལ་ན་ཡོད་དུས་ཁྱོད་རང་ཁེར་རྐྱང་ཞིག་ཏུ་བསྒོམ་ཡོད་མོད
ཁྱོད་རང་བགྲང་གིས་མི་ལང་བའི་སྤྲང་བོ་དང་ཉེན་རྟོག་པས་བསྐོར་ནས་འདུག
ཁྱོད་ལ་ལྡེབས་རིས་རྙིང་བ་དང་ཀ་བ་ཟད་པོ་ལས་ཅི་ཡང་མེད་ནའང
ངས་དད་འདུན་གྱི་གོམ་པ་རེ་རེ་སེམས་ཆུང་གིས་སྤོ་དགོས་ཏེ
ཉིས་ཐོག་གི་ལན་ཀན་སྟེང་བཀལ་བའི་རྒྱང་མཐོང་དེ་ང་ལ་ཕྱོགས་འདུག་ཨང
སྤྲང་བོ་ཁྱུ་ཞིག་གི་བདེ་སྡུག་ཁུར་བའི་ཤཱཀྱ་མུ་ནེ
རྟོག་ལྡན་སྐྱེ་བོའི་མཇལ་དར་ལ་རེ་བའི་སྒྲོལ་མ་གསུང་འབྱོན
བུད་མེད་ལ་ཆེས་ཆེར་བྱམས་པའི་མ་ཅིག་དཔལ་ལྷ
སྒོ་མོའི་ཕྱི་རོལ་ན་མཆེད་པའི་གོམ་སྒྲ་མང་བོ
ཁྱོད་ཚོའི་མཛེས་སྡུག་གིས་བསྐྱེད་པའི་ན་ཟུག་ཡིན་པས
ཁོམ་པ་ཡོད་དུས་བར་སྐོར་ལ་ཕེབས་དང
དེ་ན་ཁྱོད་ཚོས་མཐོང་མ་མྱོང་བའི་སེམས་ཅན་མང་བོ་འདུག
ཁྱོད་ཚོས་ཉེན་རྟོག་པའི་ལག་ཟུང་ཁུག་མར་འཇུག་ཏུ་ཆུགས་དང
ཁོ་ཚོས་གདུང་སེམས་དང་མིག་ཆུའི་ཀློང་ནས་འཚང་ཁ་རྒྱག་ངེས
ཁོ་ཚོར་གསེར་རྐོང་དང་འབྲི་མར་མེད་ནའང
ཁོ་ཚོར་མེད་མུག་དང་མིག་ཆུའི་འབུལ་རྟེན་ཡིད་ཚིམས་པ་ཞིག་ཡོད་ངེས
2006 12 27ཉིན་ལྷ་སར་བྲིས།
བདུན་པ། ར་ས་འཕྲུལ་སྣང་གཙུག་ལག་ཁང༌།
གོ་ཐོས་ལ་ཁྱོད་ནི་མནའ་མ་ཞིག་གི་བློ་རྩལ་ལས་བསྐྲུན་ཅིང
ར་མ་ཞིག་གི་བརྩོན་འགྲུས་ལས་གྲུབ་སྐད
ངའི་གོམ་ཁ་ཁྱོད་སར་ཕྱོཊ་དོན་ཇོ་བོའི་ཆེད་དུ་ཡིན་ན་ཡང
དེ་ལས་གཞན་པའི་མཛེས་བ་ཞིག་གིས་ངའི་དྲན་པ་བརྐུས་སོང
དེ་ནི་ཁྱོད་རང་དེ་འདྲའི་འཕྱོར་བོ་ཞིག་མིན་ནའང
ཁྱོད་སྔར་བཞིན་དྭངས་གཙང་དང་ཡིད་འོང་གིས་བསྡད་ཡོད་པ་དེའོ
ཁྱོད་ལ་དེ་འདྲའི་རང་ཚུགས་ཤིག་མེད་ཚེ
ཁྱོད་སྐུ་དྲག་གཞན་ཞིག་གི་དྲག་ཆས་ཁང་དུ་གྱུར་ཡོད་ལ
གནའ་བོའི་དྲག་ཆར་དེས་ཀྱང་ཁྱོད་ལ་དྲག་རྡུང་བྱས་ཡོད་ངེས
2006 12 28ཉིན་ལྷ་སར་བྲིས།
བརྒྱད་པ། སེ་རའི་དུར་ཁྲོད།
ཤ་ཚིལ་དང་ཁྲག་དམར་ལ་རྔམ་པའི་བྱ་རྒོད་དག་གིས
ང་ཡི་ཟུངས་ཟད་ཀྱི་ལུས་ཕུང་གོག་པོ་འདི
རྣམ་ཤེས་ཀྱིས་བསྐྱུར་བའི་བེམ་པོ་ཞིག་ལ་འཁྲུལ་བར་དོགས་ནས
ཡུན་རིང་བོར་ཁྱོད་ཀྱི་འཇིག་རྟེན་ལ་བཅར་མ་ཕོད
ཡིན་ཡང ད་ནངས་གློ་བུར་དུ་ཁྱོད་དང་མཇལ་འདོད་སྐྱེས་ཤིང
རྒྱུས་མེད་ཀྱི་གོམ་པ་རེ་རེ་ཁྱོད་ཀྱི་སྐྱི་གཡའ་བའི་བྲང་གཞུང་ལ་སྤོ་དུས
ངའི་དྲན་སྣང་དང་ཡོངས་སུ་མི་མཐུན་པ་ནི
ཁྱོད་རང་ཧ་ཅང་ལྷིང་འཇགས་ཀྱིས་བསྡད་ཡོད་པ་དེའོ
ཁྲག་དམར་གྱིས་བརྫུས་མྱོང་བའི་རྗེས་ཤུལ་དང
རུས་བ་རྡུང་སར་གྱུར་བའི་ཕ་བོང
ད་དུང་མི་ཤ་ལས་འཕྲད་མ་མྱོང་བའི་གྲི་དང་ཟོར་བ
མིའི་རིགས་ཀྱི་ཤ་དྲོད་དང་བྲལ་བའི་སྐྲ་དང་གྱོན་པ
ཁྱོད་ལ་འདི་དག་ལས་གང་ཡང་མེད་དེ
ཐ་ན ཁྱོད་ཀྱིས་ཤ་ཁྲག་གིས་གསོས་བའི་བྱ་རྒོད་དེ་དག་གིས་ཀྱང
ཁྱོད་ལ་ཉིན་གཅིག་གི་སྡོད་གྲོགས་ཀྱང་མི་བྱེད་པས་སོ
ངས་ཁྱོད་ལས་འཆི་བ་མི་རྟག་པ་མ་རྟོགས་ནའང
ངས་རང་ཉིད་ཁྱོད་ཀྱི་མ་འོངས་བའི་མགྲོན་པོ་ཡིན་པ་རྟོགས་ཤིང
ང་དང་བྱ་རྒོད་ཚོགས་ཀྱི་མཇལ་འཛོམས་ནི
བདག་གི་ཆེས་མཇུག་མཐའི་མཇལ་འཛོམས་ཡིན་པའང་ག་ལེར་ཚོར་སོང
2006 12 8ཉིན་ལྷ་སར་བྲིས།
རྩོམ་ཁུངས། ངེད་དྲ་བ།