སྐྲ་ལོ་མེད་པའི་བུ་མོ།
___རང་ཉིད་དགའ་སའི་སྐྱེས་པ་ཞིག་ལ།
དགའ་བ་འདི་རོལ་དབྱངས་ཤིག་ཡིན་པའི་དབང་དུ་བཏང་ན
ངའི་སེམས་པའི་ཟབ་ས་ནས་གྲག་དུས
ཁྱེད་ཀྱི་ཤ་ཁྲག་ལྟར་ ཁྱེད་ཀྱི་སྟོད་སྨད་ལ་འཁྱིལ་ཡོད
ཨ་ ང་ཡི་བཏུང་བ་འཕྲོག་པའི་ སྐྲ་ལོ་མེད་པའི་བུ་མོ་ཁྱེད
གཙང་བོ་ལྟ་བུའི་ ངའི་དུངས་སེམས་ཀྱི་མར་ཁུ
ཨ་མའི་མིག་ཟུང་ལྟར་ཁྱེད་ཀྱི་ཕྱི་ནང་ལ་བབས་ཀྱང
རྡོ་བའི་ཁོག་པ་ལྟ་བུའི ཉི་མའི་འོད་སྣང་ལྟ་བུའི
ཁྱེད་རང་དངོས་གནས་བརླན་ཐབས་མ་བྱུང་
མི་ཟེར་བ་དེ་རིན་ཐང་བྲལ་བའི་མཛེས་པ་ཞིག་ཡིན་པ་བདེན་ན
ངའི་སྐྲ་རྩེ་ནས་རྐང་མཐིལ་བར་ཁྱེད་ལ་དབང་ཡོད
ཁྱེད་ཀྱི་རང་ཁྱིམ་ལྟར ཁྱེད་ཀྱི་དཔེ་དེབ་ལྟར
ང་ལའང་བདག་པོ་རྒྱག་རོགས་ཞུ
བདག་གིས་ཁྱེད་ལ་བསྟོད་ཚིག་མ་ཕུལ་ཡང་དུངས་གཏམ་བྲིས་ཡོད
བདག་གིས་ཁྱེད་ལ་སྒོར་མོ་མ་སྤྲད་ཀྱང་དགའ་བ་གནང་ཡོད
ཁྱེད་ཀྱིས་དགའ་བ་ཟེར་བའི་འོ་ཇ་དེ་བཏུང་འདོད་ན
སེམས་པའི་རྒྱ་སྒོ་ཕྱེས་དང་ ངས་ཁྱེད་ལ་གཏན་དུ་བླུགས་ཆོག
2007.2.21ཉིན་དཔེ་ཁྲིད་སྐབས།
རྩོམ་ཁུངས། ངེད་དྲ་བ།