རྣོ་སྦྲེང་གི་སྙན་ངག་ཚན་པ་འགའ།
དངུལ་ལོར་དང་སྙན་ངག་གི་ལམ་བུ།
དུས་ཚོད་ཀྱི་ཁུ་བ་སྨད་འཚོང་མ་ཞིག་གི་ཁ་ནང་ལ་འཛར
ཕམ་ཁར་གཏོགས་པའི་རོལ་དབྱངས་སྣ་ཚོགས
གངས་རིའི་ཕ་རོལ་ནས་མཆེད་འོངས
ཨ་ཕས་ང་ལ་སྐད་ཆ་མང་པོ་འཆད་ཀི་མ་འདུག་ཟེར
གྲོགས་པོས་ང་ལ་སྙན་ངག་བྲིས་ཀྱང་སྙིང་བོ་མེད་ཟེར
ཉེ་འཁོར་ཚོ་རེ་རེ་བཞིན་ང་དང་སྐྲ་ལོ་ལ་ཁོ་ཐག་ཆད་ཀིན་འདུག
ཆུང་གྲོགས་ཁ་ཤས་ཀྱིས་ང་རང་རྒུད་པ་མཐོང་བས
ལམ་གྱི་གཡས་གཡོན་བསྐོར་ནས་འགྲོ
འོན་ཏེ་ང་ལ་ཞེད་སྣང་མ་ཡོད
ཁྱོད་ཚོ་ང་དང་རྒྱང་དུ་བཀྱེད་པར་མཛོད
གཏན་ནས་གཏན་དུ་ཐག་རིང་ཐག་རིང་ལ་ཆས་པར་མཛོད།
2006 9 7མཚན་མོར།
ཁ་དོག་རྙེད་པ།
རོལ་དབྱངས་ཀྱི་གདངས་སུ་གྲུབ་པ
རྣམ་དག་གིས་གྲུབ་པའི་མིག་ཆུའི་རྡོག་པ་གཅིག
ཚིག་མཛོད་ལྟ་བུའི་མི་ཚེའི་དགའ་སྐྱོ
ཚོར་འདུ་གྲངས་མེད་ཀྱི་འཐབ་ར་ཆུང་ཆུང་ཞིག
འཛུམ་མདངས་ཁ་ཤས་འགྲེམ་སྟོན་བྱས་རྗེས
རལ་བར་གྱུར་བའི་དུངས་སྣང་རེ་ཟུང
པེ་ཅིན་ནས་རྙེད་ཏེ་ལན་གྲུ་ནས་བོར་སོང
འོ་མ་འཚོང་མཁན་གྱི་སྲས་མོ་དེ
ཟླ་འོད་འོག་གི་གསང་གཏམ་གླེང་རོགས་ཡིན་པ་རྨི་ལམ་དུ་འཁོར
ཚེ་སྟོད་ལ་དངུལ་ལོ་མེད་ན་ཡང༌།
ང་རྒྱལ་དུ་རློམ་ཆོག་པའི་སྐྲ་ལོ་དང་སྙན་ངག་ཡོད
གཟི་བརྗིད་དུ་བགྲེང་ཆོག་པའི་ཁོ་མོའི་ཡིད་ཆེས་དང་འཛུམ་མདངས་ཡོད
ང་དེ་ལྟར་འདོད་བློ་རབ་ཏུ་ཚིམས
དངོས་གནས་ཡིད་སེམས་རབ་ཏུ་ཚིམས
2006 10 10མཚན་མོར་ལན་གྲུ་རུ།
༢༠༠༧ལོར་མི་དབང་ལྷ་མོར་ཕུལ་བ།
༢༠༠༦ལོ་བུད་སོང༌། ༢༠༠༧ལོ་ཐོན་ཐལ
འོན་ཏེ་ཁོ་མོ་ལ་གྲགས་འགུལ་མི་འདུག
ཡིད་གཞུང་སྐྱོ་བས་བརླན་ཙམ་གྱིས
ཁྲག་ཐིགས་ཀྱིས་བྲིས་པའི་ཡིག་རྡོག་འགའ
མིག་ལམ་ནས་ཇེ་གསལ་ནས་ཇེ་གསལ
དེ་ནི་ཁྱོད་ཀྱིས་ཤེས་ཚེ་ཁྲོ་ངེས་པའི་གསང་བ་ཞིག
ཁ་པར་ལས་གླེང་བརྗོད་ཤིན་ཏུ་ཉུང
ཁ་པར་མ་བཏང་ན་ཅི་ཞིག་བོར་སོང་བ་དང་མཚུངས
ཁ་དང་ལག་པ་བཞིན་ལོབས་སོང་པའི་ཁྱོད་རང
ང་རང་སྡུག་ལ་བསྐུར་མཁན་གྱི་སྲིན་མོ་ཞིག
འཇིག་སོང་བའི་ཚོར་བ་ཁ་ཤས
གློ་བུར་གློ་བུར་དུ་དྲན་འོང་དུས
ཁྱོད་ཀྱིས་ང་ལ་ད་དུང་ལག་པ་གཡུག་གིན་འདུག
2007 1 3 ཉིན་ཟི་ལིང་དུ།
རྩོམ་ཁུངས། ངེད་དྲ་བ།