ཁ་པར་ལས་ཁྱོད་ཀྱི་གཉོམ་དུང་དུང་གི་སྐད་ངག་ཚོར་བྱུང་།
རྒྱུད་སྐུད་ཀྱི་སྣེ་གཞན་ཞིག་ན
ཁྱོད་རང་འདར་གྱིན་འདུག
ཆ་རྒྱུས་ལྡན་པའི་ཁྱོད་ཀྱི་སྐད་ངག་འདར་གྱིན་འདུག
འདར་གྱིན་པ་དེ་བདག་གི་སྙིང་ཁར་ལྟེམས་པའི་ཆུ་ཡི་རླབས་རིས་བཞིན
ཡུན་གྱིས་སྐྱོམས་པས
ང་ལ་ཁེར་རྐྱང་གི་སུན་སྣང་ཞིག་དང
སྒྱིད་ལུག་གི་དྲན་པ་འདི་བྱིན
རྒྱང་བཞུད་ཀྱི་ས་ཚིགས་རེ་རེ་ནས
ཁྱོད་ཀྱི་དྲན་གདུང་གི་གློག་འཕྲིན་རེ་འབྱོར་བྱུང
ཆེས་སྤྱིར་བཏང་གི་ཆ་རྒྱུས་ལྡན་པའི་སྐད་ངག་དེ
ངའི་ལུས་ཕུང་གི་དབང་རྩ་ཡོངས་ལ་ཁྱབ་པས
སྔ་མོ་ནས་བརྗོད་འདོད་པའི་སྐད་ཆ་ཚིག་འབྲུ་རེ་རེའི
མགོ་གང་ནས་རྩོམ་རྒྱུའང་མི་ཤེས
ཐ་ན་ཆེས་མཇུག་མཐའི་གྱེས་ཚིག་ཀྱང་ཞུ་མ་ཐུབ
གྱེས་ཁ་མའི་ཁྱོད་ཀྱི་མིག་ཀོང་གི་མཆི་མའི་ཕྲེང་ཐག་དེ
གཡང་ནས་ལྷུང་བའི་རྦབ་རྡོ་བཞིན
དཀན་གཟན་གྱི་མཁུར་ངོས་སུ་འགྲིལ་བས
བདག་སེམས་ཀྱི་རི་རབ་རྨང་ནས་ཉིལ
ཕྱིར་དྲན་གྱི་ཁྲོད་ན
ས་འགུལ་གྱི་གཡོ་སྐྱོམས་ཐེངས་ཤིག་གིས
འུ་གཉིས་ཀ་ཡོམ་ཡོམ་འདར
རྩོམ་ཁུངས། ངེད་དྲ་བ།