ཡུམ་བུ་བླ་སྒང་།

ཅོར་རིགས་འཇམ་དཔལ་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-11

རྒོད་པོ་འཕུར་ཤུལ་གྱི་བྱ་སྒྲོ་ལེབ་མོ་གཅིག
འབྲོང་ཁྱུ་གཤར་ཤུལ་གྱི་རྨིག་རྗེས་ཤར་མོ་གཅིག
ང་ཡི་སྙིང་ལ་འབྲེལ་བའི་སྨུག་མདོག་གི་རྩིག་པ་ཞིག

གདོད་མའི་ཤེས་རིག་གི་གཉའ་ཁྲིར་བཏེགས་པ་ནས
ད་ལྟ དགེ་ལུགས་པའི་དགོན་པར་གྱུར་དུས་ཡུན་ག་ཚོད་ཅིག་ལ
ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཏུ་གྱུར་པའི་གཏམ་རྒྱུད་ལ་བཟློགས་ཐབས་བྲལ་སོང

བཀྲ་ཤིས་ཚེ་རིང་གི་རི་དེའི་རྩེ་ལ
ཤ་མོའི་བརླ་ཤ་ཡི་རི་དེའི་སྟེང་དུ
ཡུམ་བུ་བརླ་སྒང་གི་མཁར་དེ་རྩིག་པ་བརྗེད་སྲིད་དམ
ངས་རྒྱུན་དུ་དེ་ལྟར་བསམ་བློ་བཏང་ནས་མང་བོ་ཞིག་ཕྲག་ཏུ་བླངས

བྲག་རི་གཡའ་སྤང་གི་རི་རྒྱུད་སྡུག་པོའི་རྒས་གཉེར་ལ་སྨྱུག་ཁ་གླན་ནས
ངས་ཁྱོད་ཀྱི་རྒྱབ་ལྗོངས་དང་འབྲེལ་བའི་རྩྭ་སུལ་རེ་རེར་ལག་སྙོབ་ཡང་ཡང་བྱས
ཡུམ་བུ་བླ་སྒང ཁྱོད་ཀྱི་རྔམ་བརྗིད་ཀྱི་ལོ་རྒྱུས་དེ་དག
ད་ལྟ་རྩིག་ཧྲལ་གྱི་ལོགས་སུ་འགྱེལ་ཞིང
ཁྱོད་ཀྱི་མདུན་ལྗོངས་ཀྱི་བགྲོད་ལམ་དེ་དག
ད་ལྟ་གྱང་ཆག་གི་སྲུབས་ན་ལུས་འདུག

ང་ཡིས་རྩྭ་ལོའི་གསེབ་ཀྱི་རྡོ་ཐེམ་དེ་ནན་གྱིས་དེད་ནས
ཚི་དྲེག་གིས་གཡོགས་པའི་རྗེས་ཤུལ་རེ་རེར་སེམས་ཀྱིས་མཇལ་དུས
སྐྱུར་སིལ་སིལ་གྱི་སྐྱོ་སྣང་གྲངས་མེད་པ་ཅིག་གིས
སྙིང་དང་རུས་པའི་གསེང་ནས་འགྲེ་ལོག་ཡང་ཡང་རྒྱག

ལྷ་སྒྲུང་གིས་བསྟིམས་པའི་ངལ་དུབ་ཀྱི་བསམ་བློ
དུས་ཚོད་ཀྱིས་སྒྲོག་བཞིན་པའི་འཇིན་ཉེན་གྱི་ཚོར་བ
གཟུགས་མེད་ཀྱིས་གསོད་ཀྱིན་པའི་འཇིགས་རུང་གི་དངུལ་ལོ
འཁྲུལ་སྣང་གི་སྨིག་རྒྱུ་བཙལ་ནས་ཁྱོད་རང་རྒས་དྲགས་སོང
ཡུམ་བུ་བླ་སྒང ཁྱོད་ཀྱི་མགོ་ཐོག་གི་ནམ་མཁའ་བོར་བ་ཚོར་བྱུང་ངམ

གནའ་གྲོང་གི་སྒོ་གླེགས་བརྡུང་འདོད་པའི་གཉིད་ལས་སད་ཚེ
ང་རང་ཐེ་ཚོམ་ཅི་ཡང་མེད་པར་འོད་ཟེར་གྱི་གཤོག་པར་འཐམས་ནས
ཁྱོད་ཀྱི་བྲང་གཞུང་གི་སེམས་ཤུགས་རྒྱ་བསྐྱེད་པར ཅིས་ཀྱང
བདེ་སྐྱིད་ཀྱི་ལོ་ཟླ་བསྐྱུར་ནས་ཁྱོད་ཀྱི་སྒོ་འགྲམ་དུ་འབྱོར་ཡོད
སྡུག་བསྔལ་ཀྱི་སྨྱུག་ཁ་བསྒྱུར་ནས་ཁྱོད་ཀྱི་སྙིང་མགོར་འབྱོར་ཡོད

ཡུམ་བུ་བླ་སྒང འཇིག་རྟེན་གྱི་དཀར་ངོགས་འདི་ནས
ཁྱོད་རང་ཇི་སྲིད་གྲོགས་མེད་ཁེར་རྐྱང་དུ་སྡོད་ཚུགས་སམ 
                                  ༢༠༠༨/༢/༢༩ཉིན་སྣེ་གདོང་རྫོང་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུམ་བུ་བླ་སྒང་།

2009-01-11 ཅོར་རིགས་འཇམ་དཔལ་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།