མཁྲིག་མའི་སྟེང་གི་དུས་ཚོད་འཁོར་ལོར་བལྟས་པ།
ལོ་རྒྱུས་ཀྱི་དུར་བྱང་ལ་འབྱར་བའི་འཇིགས་རུང་གི་རྒྱལ་ཁྲིམས་ལས
མེ་དང་འབུད་རླུང་གིས་བཙོ་སྦྱང་བྱས་པའི་ལྕགས་ཐེལ་ཇི་བཞིན
སྙིང་ཉེ་བའི་དུས་ཚོད་ཀྱི་མདའ་རྩེ་དེ་བདག་གི་བྲང་ངོས་ལ་འཐིམས་འགོ་ཚུགས
དེ་དུས ངས་ད་དུང་ཁྱོད་ཀྱི་གོམ་བགྲོད་དེའི་སྙིང་དོན་མ་རྟོགས
ཁྲག་བཞུར་མྱོང་བའི་ལོ་རྒྱུས་ཀྱི་དམར་ཐིགས་རེ་རེའང་ཁྱོད་ཀྱི་རྩེ་མོ་རུ་འབྱར་ཡོད
མགོ་བསྒུར་ནས་བྲན་ཁོལ་གྱི་རྟུལ་ཞུགས་བཟུང་བའི་རྣམ་འབྱོར་བའི་མགུར་གླུའང་དེ་རུ་གསལ
བླ་སྲོག་ལ་རྒོལ་བའི་དུས་ཚོད་ཀྱི་མདུང་རྩེ་གསུམ་གྱིས
མིའི་རིགས་ཀྱི་གནས་བབ་ལ་རྫོགས་མཐའ་མེད་པའི་སྐྱོ་གར་གྱི་ལེའུ་དྲངས་ཡོད
ང་ཚོས་ཁྱོད་རང་སོང་ཟིན་པའི་བཞུད་ལམ་རིང་མོ་ལས
བཙན་རྫོང་གི་རྨང་རྡོ་བསློགས་པའི་མི་རྟ་རེ་གཉིས་མཐོང་བྱུང
དུས་ཚོད་ནི་བཤག་བཅོས་སུ་མེད་པའི་འགོས་ནད་ཅིག་སྟེ
ཁྱོད་ཀྱིས་མ་ཟིན་པ་མེད་ལ་ཁྱོད་ལས་རྒྱལ་བའང་མེད
ཁྱོད་ཀྱི་མ་འོངས་བས་བདག་གི་མིག་མདུན་དུ་འཕངས་བྱུང་བ་ནི
ཆེས་འཇིགས་སུ་རུང་བའི་ཁྲག་དང་རུས་པའི་བཙོན་ཁང་རེད
2008.5.27ཉིན་སློབ་གླིང་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།