བདག་གིས་སྙན་ངག་འབྲི་ཆོག་པར་ཞུ།(སྙན་ཚོམ)
ཀ:རང་དབང་མ་བྱུང་བའི་མཚན་མོ།
རྨི་ལམ་ལ་རང་དབང་མ་འོངས་པའི་ཁོ་བོའི་མཚན་མོར།
སུས་ཀྱང་ཐོས་སྲིད་པ་ནི། ན་ཟུག་གི་འོ་དོད་རེད།
ནད་གཞི་ཞིག་གིས། འཆི་བདག་གི་སྒོ་དྲུང་དུ་སྙིང་རྗེ་མ་ཤོར་བར་སྐྱེལ་རྗེས།
བདག་ལ་འཆི་བདག་གི་མཚན་མོ་ཐོན་ཟིན་པས།
བདག་ལ་འཆི་བདག་གི་མུན་ནག་ཐོན་ཟིན་པས།
དུས་སྐབས་འདི་ལ། ཁོ་བོས།
རང་ཉིད་ཀྱི་ཕ་མའི་མིང་དེ་འབོད་འདོད་ཀྱང༌།
ངའི་ངག་ལ་རང་དབང་མ་བྱུང་ལ།
དུས་སྐབས་འདི་ལ། ཁོ་བོས།
རང་ཉིད་ཀྱི་དཀོན་མཆོག་ཡིད་ལ་སྒོམ་འདོད་ཀྱང༌།
ང་ལ་རང་དབང་མ་འོངས།
ཏག་ཏག འཆི་བ་ལ་རང་དབང་མ་ཐོབ་པ་ནས།
བཙུན་པ་ང༌། བསམ་རྒྱུ་དྲན་རྒྱུ་ཅི་ཡང་མེད་ཟེར་མོད།
རང་དབང་མ་འོངས་པའི་ཁེར་རྐྱང་གི་མཚན་མོར།
ཁོ་བོ། འཇིག་རྟེན་ལ་ཞེ་ཆགས་ཤོར་སོང་བས།
ཁོ་བོ། འཆི་བ་ལ་འཇིགས་སྐྲག་སྐྱེས་སོང་བས།
བདག་གི་འཁུར་ཚོས་བརྒྱུད་ནས་ཐོར་གྱིན་པའི་མིག་ཆུ་ཡཱ།
མཚམས་འདིར་བསླེབས་ཚེ། རྨི་ལམ་ཁོ་ན།
མཐའ་མཇུག་གི་ཁྱོད་ཀྱི་ལོངས་སྤྱོད་ཅིག་ཨང?
ཁ:སད་དཀའ་བའི་རྨི་ལམ་གྱི་འཇིགས་སྐྲག
ཉེ་འཁོར་གྱི་མི་རྣམས་ཡཱ། བདག་གི་ཚོར་བ་རྣོ་པོ་འདིས།
རང་ཉིད་བར་དོ་ནས་ཡོད་པ་གསལ་བཤད་བྱས་སོང་བས།
མ་ངུ་ཞིག བོར་དོ་བས།
ཁ་རོག་གེར་འཛུམ་ཞིག་སྟོན་འདོད།
ད་དུང༌། འཆི་བདག་གི་སྒོ་དྲུང་དུ་བདག་ལ་གསལ་བཤད་དགོས།
འོ། མིན་ཏེ།
ཁོ་བོ་འཆི་བདག་གི་གསོལ་སྟོན་རུ་འགྱུར་གྱིན་འདུག་པས།
བདག་གི་འཆི་བདག་ལགས།
ངའི་རང་དབང་གི་སྨྲ་བརྗོད་མ་འགོག་དང༌།
ངའི་རང་དབང་གི་རྩེད་ར་མ་འཕྲོག་དང༌།
ས་ཆེན་པོ་འདི་ཨ་མས་ང་ལ་བསྐྲུན་པའི་ཁྱིམ་གཞི་ཡིན་ལ།
གནམ་ཆེན་པོ་འདི་ཨ་ཕས་ང་ལ་གནང་བའི་རང་དབང་ཡིན་པས།
དགོན་པ་འདི་བདག་གི་ལྷིང་འཇགས་འཚོ་སའི་གནས་ལམ་རྐྱང་རྐྱང་ཡིན།
ག:སེམས་ཚེགས་དང་སྙིང་ཉེ་བའི་ངུ་འབོད།
སད་མ་ཐུབ་པའི་རྨི་ལམ་རིང་མོ་ཞིག་གི་འོག་ན།
མི་ཡུལ་གྱི་འཇིག་རྟེན་སྐྱ་བོར་གྱུར་ཡང༌།
ཁོ་བོའི་རེ་བ། ད་དུང་ལྗང་སྣུམ་སྣུམ།
འཆི་བདག་གི་སྒོ་དྲུང་དུ། གུ་ཡངས་ཐེངས་གཅིག་སློང་ཆེད།
དཀོན་མཆོག་ལགས། བདག་གི་དཀོན་མཆོག་ལགས།
ངའི་ཉེ་མི་དག་གི་ཁྱོད་ལ་སྒུག་ཡོད་སྐད།
གན་རྐྱལ་དུ་ཉལ་བའི་འཆི་བདག་གི་མཚན་མོ་ནི།
སུ་ལའང་ན་ཟུག་གི་མཚན་མོ་ཞིག་ཡིན་སྲིད་པས།
ཁོ་བོ་སོགས་ཀྱིས། ཁྱོད་ལ་ཞུ་བ་བྱེད་ཀྱིན་ཡོད།
རེ་བའི་འདོད་པ་ཡིད་ཆེས་ཀྱིས་བསུ་བཞིན།
ཆོས་རྒྱལ་ལགས། ཅི་ཞིག་རྟོགས་སོང་བའི་ཁོ་བོའི་རྨི་ལམ་གྱིས།
མཚན་མོ་མང་བོ་ཞིག་གི་ལོངས་སྤྱོད་ལ་སེམས་འཁུར་བྱེད་ཀྱིན།
དུར་ས་ཆེན་པོའི་སྒོ་མོ་ཕྱེ་སྐབས།
སྒོ་ཆེན་པའི་བར་མཚམས་ནས་གོམ་གང་གང་ལ་སྤོ།
མདུན་ཕྱོགས། རྣམ་ཤེསམང་བོ་ཞིག་གི་འཇིག་རྟེན་སྟེ།
བྲན་གཡོག་དང་ངུ་ངག་གི་བཙོན་ར་རེད། འོན་ཀྱང༌།
རང་དབང་མེད་པའི་འཇིག་རྟེན་ནས་སུ་ལའང་སྙིང་རྗེས་མ་ཤོར་ན།
ཆོས་རྒྱལ་ལགས། འཆི་བདག་ལགས།
བར་དོ་བ། གནས་མལ་འདི་ནས་ཕྱིར་འགྲོ་ཆོག་པར་ཞུ།
ང:བདག་གིས་སྙན་ངག་འབྲི་ཆོག་པར་ཞུ།
དཀོན་མཆོག་ལགས། བདག་ལ་རྨི་ལམ་ཞིག་གི་བསླུ་བྲིད་ཐེབས་སོང༌།
བདག་ལ། འཆི་བདག་གི་བསླུ་བྲིད་ཐེབས་སོང༌། 。。。。。。。
ལྷིང་འཇགས་ཀྱི་འཚོལ་སྟངས་འོག་ན།
རང་ཉིད་ཁ་རོག་གེར་སྙན་ངག་ཅིག་གི་བརྗོད་བྱར་གྱུར་བ་ནས།
སད་དཀའ་བའི་རྨི་ལམ་ལས། བཙོན་གྲོལ་ཐེངས་གཅིག་ཀྱང་བྱུང་མ་མྱོང༌།
འཆི་བདག་གིས་སྙིང་རྗེ་མ་ཤོར་བའི་མཚན་མོར།
ཁོ་བོའི་དྭངས་གཙང་གི་རྣམ་ཤེས་འདི།
གཟེབ་ཏུ་ཚུད་བའི་འཆི་བདག་གི་བྱེའུ་ཆུང་བཞིན།
བསླུ་བྲིད་ཐབས་སོང༌། བསླུ་བྲིད་ཐེབས་སོང༌།
ཡིན་ནའང༌། བར་དོ་བ་འཕག་འཚག་ཅིག་རྒྱག་དགོས་སོང༌།
སད་མ་ཐུབ་པའི་བར་དོ་བ་འཕག་འཚག་ཅིག་རྒྱག་དགོས་སོང༌།
འཇིག་རྟེན་ནི་བདག་གི་བརྩེ་སེམས་ཆེན་པོའི་ཁྱིམ་གཞི་ཡིན་པས།
སང་ཉིན་གྱི་ལོངས་སྤྱོད་དེ། ཁོ་བོས་ཁྱོད་ལ་ཕུལ་བའི“དྭངས་མ”ཡིན།
ཡིནཡང༌། མི་ཡུལ་འདིར། བདག་གིས།
རྫོགས་མ་ཚར་བའི་དཔེ་ཆ་ལུས་ཡོད་པས།
བུས་མ་ཚར་བའི་དུང་བརྡ་ལུས་ཡོད་པས།
བརྡུང་མ་ཚར་བའི་ཁུར་རྔ་ལུས་ཡོད་པས།
བྲིས་མ་ཚར་བའི་སྙན་ངག་ཅིག་ཀྱང་ལུས་ཡོད་པས།
དཀོན་མཆོག་ལགས། བདག་གིས་དཀོན་མཆོག་ལགས།
ང་ཕྱིར་འགྲོ་ཆོག་པར་ཞུ། ངས་མཇུག་སྐྱོང་ཆོག་པར་ཞུ།
བདག་གིས། བདག་གིས་སྙན་ངག་འབྲི་ཆོག་པར་ཞུ།
2007.8པར་བྲིས།
རྩོམ་ཁུངས། ངེད་དྲ་བ།