བདག་དང་ཁུ་སིམ་པའི་མཚན་མོ།
རླུང་བུ་འཇམ་པོ་ཞིག་གིས་ང་ལ་བསིལ་ཚོར་སྟེར་གྱིན་འདུག
དྲིལ་སྐད་སྙན་མོ་ཞིག་གིསང་ལ་དགའ་ཚོར་སྐྱེལ་གྱིན་འདུག
ཁུ་སིམ་པའི་མཚན་མོ། ནམ་གུང་གི་སེམས་འགྱུ།
འདི་ལྟར་ཁེར་རྐྱང་གི་དུས་དེར་ཅི་ཡང་ཚོར་འགྲོ།
སྔོན་གླེང༌།
གར་ཡོང་མི་ཤེས་པའི་ཚོར་བ་ལྡོམ་པོ་ཞིག་གིས།
སེམས་དང་ལུས་ལ་སྐུལ་མ་གཏོང་དུས།
ཁུ་སིམ་པའི་ཕྱི་རོལ་དེར་དབང་མེད་དུ་ཁྲིད་འགྲོ།
ཏག་ཏག་བསམ་གཞིག་གཏོང་ས་དེར་ཐོན་དུས།
ལྷིང་འཇགས་ཀྱི་ཤ་དྲོད་དང་ཟླ་འོད་ཀྱི་འཇམ་ཤ
གཡེར་དྲིལ་གྱི་དབྱངས་སྙན་དང་སྐྱོར་སྦྱང་གི་སྐད་གསེང༌།
མི་སེམས་སྒུལ་འགྲོ་བ་མང་བོ་ཞིག་ཐོག་མར་ཚོར་ཡོང༌།
ཁྲ་ཆིལ་དགུ་ཆིལ་གྱི་གློག་སྒྲོན་དེས།
གྲོང་ཁྱེར་གྱི་འདུ་འཛི་དང་གཟབ་རྒྱས་མཚོན་ནའང༌།
འབྲི་མར་གྱི་བརྒྱ་མཆོད་ལྟ་བུའི་གློག་སྒྲོན་དེས།
ཁོར་ཡུག་འདིར་ལྷིང་འཇགས་གཞན་ཞིག་བསྣན་མི་འདུག་གམ།
གྲྭ་ཤག་གི་སྒེའུ་ཁུང་ལས་མཆེད་པའི་གློག་སྒྲོན་དེར།
མི་སེམས་འཁྲུལ་བྱེད་ཀྱི་སྤྲུལ་སྒྱུར་མེད་ནའང༌།
དེས་ནི་ཁེར་རྐྱང་གི་གདུང་ཡུས་ཤིག་མེ་རུ་སྦར་གྱིན་ཡོད།
ནག་ནོག་གི་དྲི་མ་ཞིག་སྦྱིན་སྲེག་གཏོང་བཞིན་ཡོད།
ད་དུང༌། ཕྱི་གཙང་ནང་གཙང་གི་ཁོར་ཡུག་ལ།
མཛེས་སྡུག་དང་ལྷིང་འཇགས་སྤེལ་མ་བྱེད་ཀྱིན་ཡོད།
ཐང་ཆད་པའི་ཁལ་མ་ལྟ་བུའི་ཟླ་བ་དེ།
མཁའ་དབྱིངས་ཀྱི་ཆེས་མཐོ་སར་འཛེགས་ཟིན།
རང་རང་སར་འཛུམ་གྱིས་སྒེག་པའི་སྐར་ཚོགས་ཀྱང༌།
གང་ཞིག་གི་དོན་དུ་ལམ་ལ་ཆས་རྩིས་བྱེད་ཀྱིན་འདུག
ད་དུང༌། གཙག་ལག་ཁང་འགའ་ཡི་བར་གླགས་ནས།
ཉིན་གང་བོར་ཕར་འགྲོ་ཚུར་འཕུར་བྱས་པའི་ཕུག་རོན་དེ་དག་ཀྱང༌།
ལས་འགན་ཆེན་པོ་ཞིག་འགྲུབ་སོང་བ་ཇི་བཞིན།
གཤོག་པ་སར་ཕབས་ནས་གཉིད་རྐྱང་བྱེད་ཀྱིན་འདུག
ད་ནི་མཚན་གུང་གི་ཆུ་ཚོད་དང་བོ་སྟེ།
རྣ་བས་ཐོས་འོངས་པ་ནི།
རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས།
ཧ་ཅང་ཡིད་འོང་གིས་གྲགས་པའི་གཡེར་དྲིལ་གྱི་སྒྲ་དང༌།
མིག་གིས་མཐོང་འོངས་པ་ནི།
གཅིག་རྗེས་གཉིས་མཐུད་ཀྱིས་གཟིམས་ཤུལ་ནས།
ཧ་ཅང་ཁེར་རྐྱང་གིས་བསྒྲོན་པའི་གྲྭ་ཤག་གི་སྒྲོན་འོད་ཁ་ཤས་རེད།
གཡེར་དྲིལ་གྱི་དབྱངས་སྙན་དེའི་ཕ་རོལ་ན།
ལོ་ངོ་སྟོང་ཕྲག་བརྒྱུད་པའི་སྙིང་སྟོབས་ཤིག་གི་ཁ་དོག་ལོས་ཡོད་སྙམ་ན།
ལུས་པོ་འདི་གྲང་རེག་ལས་ཐར་འགྲོ།
རྙིང་རལ་གྱི་སྒེའུ་ཁུང་ལས་མངོན་པའི་སྒྲོན་འོད་དེའི་ཉེ་ལོགས་སུ།
ཨ་མའི་བུ་ཕོ་སུ་ཞིག་གིས།
རིག་པའི་གྲི་ཆུང་ཤུགས་ཀྱིས་བརྡར་གྱིན་ལོས་ཡོད་སྙམ་ན།
སེམས་པ་འདི་དུངས་ཞེན་ཞིག་གིས་དྲངས་འགྲོ།
ཆང་རྐྱལ་དེས་ཆང་ནི་བདུད་རྩི་ཀུན་གྱི་མཆོག་གོ་ཟེར།
གླུ་བ་དེས་གླུ་ནི་སྒྱུ་རྩལ་ཀུན་གྱི་རབ་པོ་ཟེར།
ཡིན་ཡང༌། ཚེ་གཅིག་གི་ཁེར་རྐྱང་བ་བདག་ལ་མཚོན་ན།
འདི་ལྟ་བུའི་ཁོར་ཡུག་དང་མཚན་མོ་ནི།
བཀླག་མི་ཚར་བའི་སྙན་ངག་རིང་མོ་ཞིག་ཅི་ལ་མིན།
བགྲང་དཀའ་བའི་ལོ་ཟླ་མང་བོའི་སྔོན་རོལ་ནས།
ཁོར་ཡུག་འདི་དོ་དགོང་གི་མཚན་མོ་ཇི་བཞིན།
ཕུག་རོན་གྱི་གཤོག་འགྱུར་དང་ཟླ་འོད་ཀྱི་འཛུམ་དཀར།
བསིལ་རླུང་གི་བྱིལ་བྱིལ་དང་མུན་ནག་གི་གཡབ་མོ།
གཡེར་དྲིལ་གྱི་དབྱངས་སྙན་དང་རྔ་དུང་གི་འབོད་བརྡ།
ད་དུང༌། ཁེར་རྐྱང་བ་མང་བོའི་སེམས་དང་སེམས་པའི་བར་ལ།
འོ་མ་ལྟར་འཁྱིལ་ཞིང་ཞོ་ལྟར་ཆགས་མྱོང་ནའང༌།
བཙན་པོ་དཔུང་སྡེབ་དག་གི་ཧམ་པའི་མེ་ལོང་ལ།
ཅིས་ཀྱང་ཤར་འགྲོ་བ་ཁོར་ཡུག་འདི་ཡིན་དོན་ཅི་ཡིན་ནམ།
ཁེར་རྐྱང་བས་རང་ཤག་སྙེག་དུས་ཡང་བསྐྱར་དེ་ལྟར་བསམས་སོང༌།
རྩོམ་ཁུངས། ངེད་དྲ་བ།