ཁ་སང་དེ་རིང་ང་རེབ་ཀོང་ན་ཡོད།
༡
ད་ཐེངས་ང་རེབ་གོང་ལ་འགྲོ་དོན
རོང་བོ་དགོན་པའི་ནང་གི་ལྷ་སྐུ་དག་ལ་
བརྐྱངས་ཕྱག་འཚལ་དུ་འགྲོ་བ་མ་ཡིན་ཞིང་
བུད་མེད་ཅིག་གིས་ང་རང་ཡང་ཡང་བོས་ནས
འདུག་གིས་མ་བཞག་པའང་མ་ཡིན་ཏེ
ད་ཐེངས་ང་རེབ་གོང་ལ་འགྲོ་དོན་ནི་
རེབ་གོང་ཟེར་བའི་གནའ་བོའི་གྲོང་ཁྱེར་ཆུང་ཆུང་དེ་ན་
ང་ལ་རྐང་གླིང་ཟེར་བའི་སྙན་ངག་པ་ཞིག་དང་
གསེར་བྲག་ཟེར་བའི་རི་མོ་བ་ཞིག
སྒྲ་སྙན་ཟེར་བའི་སྙན་ངག་པ་ཞིག
ལྷུན་འགྲུབ་ཟེར་བའི་གྲྭ་རྐྱང་སྙན་ངག་པ་གྲོགས་པོ་བཞི་ཡོད་པས་ཡིན
༢
ང་ཚོ་རེབ་གོང་ནས་ངོ་འཕྲད་ཚུལ་དེ་ནི་
རྒྱལ་ཁབ་ཀྱི་གཙོ་འཛིན་པ་དག་འཕྲད་པ་བཞིན
ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་མི་ལྡན་ནའང་
ང་ཚོ་ངོ་འཕྲད་པ་དེ་ནི་ ང་ཚོར་མཚོན་ན
བཅིངས་འགྲོལ་ཐེངས་ཤིག་ཅི་ལ་མིན
༣
ཟ་ཁང་དཀྱུས་མ་ཞིག་གི་ནང་ནས
ཟ་མ་ཟོས་ཚར་རྗེས ཀུ་རེ་རྩེ་ཚར་རྗེས
ང་ཚོས་ཝུ་ཆང་དང་བཏུང་བཅའ་འཐུང་བཞིན
ཁ་སང་དེ་རིང་གི་གནས་བབ་དང་གསར་འགྱུར་དག་གླེང་བཞིན
ཤུགས་རིང་རེ་ཤོར་བ ཁྱོད་ལའང་འབྲེལ་བ་ཡོད་ནའང་
ངས་ཁྱོད་ལ་འགན་འཁྲིའི་འདུ་ཤེས་མི་འདུག་ཅེས་བརྗོད་མི་སྲིད
༤
ཉིན་གཉིས་གསུམ་ཙམ་གྱི་རིང་ལ་
ངས་གྲོགས་པོ་དག་དང་མཉམ་དུ་ཝུ་ཆང་འཐུང་བ་དེ་ནི་
ང་ལ་དམིགས་ཡུལ་གཞན་མེད་དེ
ངས་ཁེར་རྐྱང་གི་ན་ཟུག་ཡོད་ཚད་གྲོགས་པོ་ཚོར་བརྗོད་འདོད་པས་ཡིན
ངས་ ཁོག་ན་ལུས་ཡོད་པའི་མིག་ཆུ་ཡོད་ཚད་
རླུང་ལ་བསྐུར་འདོད་པས་ཡིན
འོ ཁྱོད་རང་ང་ལ་མི་འཐད་ནའང་
ཁ་སང་དེ་རིང་ངས་རེབ་གོང་ན་ཝུ་ཆང་འཐུང་བཞིན་ཡོད
༥
རེབ་གོང་ཟེར་བའི་གནའ་བོའི་གྲོང་ཁྱེར་ཆུང་ཆུང་འདིའི་ནམ་ཟླ
ངའི་ཕ་ཡུལ་གྱི་ནམ་ཟླ་དང་བསྡུར་ན
ཅུང་ཟད་འཁྱག་ནའང་ རེབ་གོང་ན
ང་ལ་གྲོགས་པོ་འདི་དག་ཡོད་པས
རེབ་གོང་ཟེར་བའི་གནའ་བོའི་གྲོང་ཁྱེར་ཆུང་ཆུང་འདི་ནས
ང་ལ་ཆམ་ནད་ཕོག་མི་སྲིད་པའི་གདེང་ཚོད་ཁྱོད་ལས་ང་ལ་ཡོང
༢༠༠༨·༩·༤མཚན་མོར་ཕ་ཡུལ་ནས།
རྩོམ་ཁུངས། ངེད་དྲ་བ།