གཡུ་ཞུན་གྱི་སྙན་ངག་གསར་བ་ཁག་གཉིས།
གྲོགས་མོ
སེམས་ཀྱི་ཆིངས་ཐག་གཅིག་ལ་བློས་འཁེལ་བྱུང་བ་ནས
ཡིད་ནས་འཐོར་བའི་ཁྲག་གི་ཐིག་པའི་མནའ་སྤུན་སྒྲིག
ཡང་ན་སྔོན་བསགས་ལས་ཀྱི་རྟེན་འབྲེལ་འགྲིག་པར་སེམས
ངེད་གཉིས་བགྲེས་སོང་ཇི་བཞིན་འདས་པའི་ལོ་ཟླར་ཞེན་ཆགས་ཤོར
ལང་ཚོའི་དྲེགས་པ་རྒྱས་པའི་ཟླ་བ་གཞོན་ནུའི་དུང་སེམས་བསྙེག
ཐོར་ཤོར་ཕྱིར་དྲན་ཁྲོད་ནས་ཉི་ཟླའི་གཟི་བྱིན་འཚོལ་ཞིང་འཚོལ
བཞོ་འཕྲོར་ལྷག་པའི་ནུ་ཞོའི་དྲི་ཞིམ་ཁྲོད་དུ་ན་ཟླ་བུ་མོའི་རེ་སྨོན་རྒུམ་ཞིང་བཏུས
ང་ཚོའི་སེམས་ཀྱི་གདུང་འབོད་ལ་ལན་འདེབས་ཞུ་མཁན་བྲལ་ནའང
དགའ་སྐྱོ་དང་རྒྱལ་ཕམ་གྱི་རོ་མྱོང་ནམ་ཡང་དམིགས་འདུན་དུ་གྲུབ
ཆང་ཕོར་ཝུ་ཁར་འཕྱོ་བའི་དགོད་སྒྲས་ང་ཚོའི་རང་གཤིས་བལྟམས
དཀའ་ཚེགས་ཀྱིས་འཕག་འཚག་རྒྱག་པ་ང་ཚོའི་འཚོ་སྟངས་ཤིག
རེ་བསྙེག་ལ་ཚད་གཞི་མེད་ཀྱང་སྐྲ་དཀར་གྱི་ས་བོན་བློ་རྒྱས་གཅུན
རེ་ཕམ་རེ་རྒྱལ་གྱི་རྦ་རླབས་དྲག་པོའི་ཁྲོད
ཁྱོད་ཀྱི་མིག་ཟུང ཁྱོད་ཀྱི་སྐད་ངག་ཉིད
མིག་འདུན་གྱི་ཕྱིའི་རྒྱ་མཚོ་ཆེན་མོའི་ཡང་སྙིང་ན
ནམ་རྒྱུན་རྟག་བརྟན་དུ་འཕྱོ་བའི
དར་དཀར་མཐོ་རུ་བཏེགས་པའིགཡོ་གྲུ་ཆུང་ཆུང་དེ
མཛེས་སྡུག་རྨི་ལམ་གྱིས་གཡོགས་པའི་གཡོ་གྲུ་ཆུང་ཆུང་དེ
༢༠༠༨ལོའི་སྤྱི་ཟླ་༡༢པར་ཞུ་དག་བཏང་།
ཕ་ཡུལ
ཕ་ཡུལ བྱིས་དུས་ཀྱི་གབ་ཚིག་ལན་མེད་ཅིག
ཕ་ཡུལ གཞོན་དུས་ཀྱི་རྒྱབ་མཁར་སྨུག་པོ་ཞིག
ཕ་ཡུལ རྒས་དུས་ཀྱི་འོད་ཀོར་ཟླུམ་པོ་ཞིག
ཕ་ཡུལ གྲྭ་བཙུན་ཚོའི་ཞལ་འདོན་རིང་མོ་ཞིག
ཕ་ཡུལ སྟག་ཤར་ཚོའི་རེ་བསྙེག་འཕར་མ་ཞིག
ཕ་ཡུལ སྨན་ཆུང་མའི་གནས་ཡུལ་གྱི་སེམས་རྟེན་ཞིག
ཕ་ཡུལ རི་མོ་བའི་ཡིད་འོང་གི་མཛེས་རིས་ཤིག
ཕ་ཡུལ རོལ་མོ་བའི་གཞས་གླུ་སྙན་མོ་ཞིག
ཕ་ཡུལ སྙན་ངག་པའི་སེམས་ཀྱི་མྱོང་ཚོར་ཞིག
ཕ་ཡུལ གར་མཁན་གྱི་བྲོ་གར་འཁྲབ་སྟངས་ཤིག
ཕ་ཡུལ ཁ་ཤགས་པའི་སྒྱུ་རྩལ་རྟོག་འཆར་ཤིག
ཕ་ཡུལ ཡུལ་གྱར་བ་རྨོངས་པའི་དྲན་ཤིང་ཞིག
ཕ་ཡུལ མི་ཚེའི་ཀྱག་ཀྱོག་གི་ལམ་ཕྲན་ཞིག
ཕ་ཡུལ ་་་་་་
རྩོམ་ཁུངས། ངེད་དྲ་བ།