བརྩེ་དུང་མེད།
མིང་ལ་མེ་ཏོག་ཟེར་བའི་བུད་མེད་དེ།
ངའི་སེམས་གཏིང་གི་ན་ཟུག་ཡིན།
ང་ཁོ་མོའི་མིག་ཟུང་ལ་ལྟ་བས་བློ་སྟོབས་བྲལ།
ང་ཁོ་མོ་དང་ཉེ་འབྲེལ་བྱེད་དུས།
གྲགས་མེད་ནི་ཁོ་མོའི་ངོ་མདངས་མིན།
དེ་ནི་མིང་ལ་མེ་ཏོག་ཟེར་བའི་བུད་མེད་དེ་མིག་ཟུང་ཡིན།
ཁོ་མོས་དལ་ཅག་གེར་སྐྲའི་ལན་བུ་ཤད་དུས།
བསམ་ཚོར་དུ་ཁོ་མོ་འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅག་དང་ །
ཡང་ན། ཕོ་མོའི་བརྩེ་དུང་སོགས་ལ་འབྲེལ་བ་མེད་པར་སྙམ།
སྟོན་དུས་སུ། ང་ལ་སྙིང་སྟོབས་རྒྱས་ནས།
མིང་ལ་མེ་ཏོག་ཟེར་བའི་བུད་མེད་དེར་ལག་འཇུ་ཐེངས་གཅིག་བྱས།
ལག་པ་འཇམ་ཞིང་འཁྱགས།
དེ་བས། ད་ལོ་དགུན་ཟླར།
ང་ལ་བློ་མང་ཞིང་སེམས་མ་བདེ།
གཉིད་མེད་པའི་མཚན་མོ་དེ་དག་ཏུ།
སྟོང་བསམ་གྱི་འགྲེ་ལོག་རྒྱག་དགོས་པ་གང་མང་ཡིན།
མིང་ལ་མེ་ཏོག་ཟེར་བའི་བུད་མེད་དེ།
ང་དང་ཁ་བྲལ་བའི་དུས་སུ།
མིག་འོད་ཀྱིས། འཁྱག་སིབ་སིབ་ང་ལ་ཐེངས་གཅིག་བལྟས་ཤིང༌།
འོད་ཞགས་ཀྱི་ཟུར་མདས་སྙིང་ལ་ལན་གཅིག་བརྡབས་པ།
ད་དུང༌། ཡ་ཆུང་སྦྲིད་ནས་སངས་མཐའ་མེད།
འདི་ལྟར་ཡུན་ཐུང་གི་ཐུག་འཕྲད་ལས༌།
བརྩེ་དུང་མེད་པའི་ངས་སྔར་བཞིན།
སྔར་བཞིན། རྒྱང་རིང་ནས།
མིང་ལ་མེ་ཏོག་ཟེར་བའི་བུད་མེད་དེར་སྒུག་དགོས་སམ།
རྩོམ་ཁུངས། ངེད་དྲ་བ།