ཕུ་ནུ་གསུམ་གྱི་བསམ་བློ།
ཕུ་བོ་ཆེ་བ། སྤྱི་བདེ་དམག་གི་དཔོན་ཆུང་གོ་ས་དེ་ཐོབ་པ་ནས།
གྲུ་ག་ཆུང་ཆུང་ཞིག་གི་བདེ་འཇགས་དང་ཟིང་ཆ་དེ་ཆེད་དུ༌།
ལག་དམར་སུ་ཞིག་གི་ཞལ་ངོ་ལྟ་བུའི་སེམས་པ་ཁུར་ཞིང༌།
དུས་གཏན་དུ། རང་ཉིད་ཀྱི་གྲུབ་མ་ཉི་ཟླའི་སྟན་དུ་བཏང་ནས།
གསེར་མདོག་གི་ལང་ཚོ་ལ་སྔོ་ཐིག་ལྷུང་བའང་ཡེ་ནས་ཚོར་མ་བྱུང༌།
ཕུ་བོ་འབྲིང་བ། ལྷ་ཆོས་རིག་གནས་ཙམ་གྱི་བདག་པོ་ཉན་པ་ནས།
ཤེས་པ་རབ་རིབ་གྱི་སྨུག་སྤྲིན་ཁྲོད་རྒྱུ་བའི་སེམས་པ་གཉོམ་པོ།
རང་ལུས་འདོམ་གང་གི་བསླུ་བྲིད་དང་གཡོ་འོག་དུ་ཚུད་དེ།
མ་ཎི་ཡིག་དྲུག་མའི་སྣ་གླུ་ཐན་ཐུན་གྱི་བདེ་མལ་ན་འགྲེ་ལོག་ཡང་ཡང་རྒྱག་ཞོར།
རྨི་ལམ་གྱི་དགའ་མར་དམ་དུ་འཁྱུད་ནས་དག་ཞིང་དུ་སླེབས་ཡོད་དམ།
ང༌། མིའི་རིགས་ཀྱི་སངས་མཐའ་མེད་པའི་ནད་ཡམས་དེའི་ན་ཟུག་བསམ་ནས།
རང་ཉིད་ཀྱིས་ཐེག་དཀའ་བའི་རི་བོ་ཞིག་གི་ཉམས་དམས་གླེང་ཞོར།
ཁ་བ་དང་གྲང་རླུང་མོད་པའི་དུས་རབས་ཀྱི་མཆེ་བར་ན།
རང་ལུས་སྤུ་ཁར་འཚོ་བའི་འཇིགས་རྔམ་དང་སྤོབས་པ་ཁྱེར་ནས།
གདངས་གཉོམ་པའི་གླུ་སྒྲས་སང་ཉིན་ཀྱི་སྐྱ་རེངས་བསུ་འདོད་པའི་རེ་བ་སྟོང་བསམ་ག་ལ་ཡིན།
རྩོམ་ཁུངས། ངེད་དྲ་བ།