སེམས་ཁྲལ་རེ་གཉིས་ཀྱི་ཁ་དོག(སྙན་ཚོམ)
བདག་པོ་བྱེར་བའི་ཁྱི་གུ
འཁོར་བའི་རྩིག་ལྡེབས་ངོས་སུ་གསལ་ལ་མི་གསལ་བའི་
ཡིག་འབྲུ་ཐར་ཐོར་ཞིག་མངོན་ཡོད་པ་དེ་ནི
སྙིང་ཉེ་བའི་ཁྱི་གུ་ཆུང་ཆུང་ཞིག་གིས་
རང་གི་བདག་པོའི་རྗེས་ལ་གྱེར་བའི་ཁེར་རྐྱང་གི་སྨེ་ངག་རེད
སྦྲུམ་མའི་མངལ་སྒོ་ལ་བབས་པའི་ཁྲག་རིས་ཀྱི་ཐམ་ཀ་དམར་པོ་དེ
རྣམ་ཤེས་ཀྱི་རྒྱུ་བ་གསལ་བའི་ཁྱི་གུ་ཆུང་ཆུང་དེས་རང་གི་བདག་པོའི་མདུན་དུ
པུས་བཙུགས་སུ་བསྡད་དེ་བྲིས་པའི་ཆོད་སེམས་དང་རྐང་རྗེས་རེད
སོ་བ་ལྟ་བུའི་ཁྱི་གུ་དེས་དོ་ནུབ་འབྲོག་སྡེ་ཆེན་པོ་འདིའི་ལྷས་འདབས་སུ་འགྲེང་ནས
རང་གི་བདག་པོ་དང་དེའི་གྲིབ་གཟུགས་འཚོལ་གྱིན་ཡོད་ཀི
རང་གི་རྣམ་ཤེས་དང་དེའི་ཆག་འཇིག་གླེང་གི་ཡོད་ཀི
དོ་ནུབ་ངས་སྙིང་རྗེ་བའི་ཁྱི་གུ་དེའི་སྣང་བརྙན་འབྲི་བཞིན
སྐད་མཐོན་པོས་མི་ཡུལ་ལ་བདག་པོ་ཞེས་ཐེངས་གཅིག་བོས་པ་ཡིན
ལ་གཞས་འཐེན་པའི་རོགས་ལོ
འདི་ནས་གཅིག་བུར་བསྡད་དེ་ཕ་གའི་སྡེ་འདབས་སུ་ཉན་ན
མགོ་རས་དམར་པོ་དཀྲིས་པའི་ན་ཆུང་མ་དེས
སུ་ཞིག་ལ་དུངས་པའི་ལ་གཞས་འཐེན་གྱིན་པ་གོ་ཀི
དགུ་ཚིག་གི་དབྱངས་རྟར་དྲངས་པའི་ལ་གཞས་ཀྱི་ཚིག་འབྲུ་རེ་རེ་ལས
མེ་ཏོག་གདན་དུ་བཏིངས་པའི་བུ་མོ་ཞིག་གཙང་བོའི་ཕྱི་རོལ་ལ་
བག་མར་བརྫངས་པའི་གནས་ཚུལ་ཀྱང་རྟོགས་ཀི
ངས་རང་གི་རྣ་བ་བྲང་ལ་སྦྱར་ནས་སྙིང་གི་འཕར་ལྡང་ལ་ཉན་གྱིན
གཞས་ལན་ཞིག་གཏོང་འདོད་ཀྱང་མགྲིན་པ་འདི་བརྣངས་ནས་
གཞས་སྒོ་ཡངས་པོ་དེ་རྨང་ནས་གཏད་བྱུང་ཨང
འཇིག་རྟེན་འདིས་རྣོ་ལྕགས་ཀྱིས་བཟོས་པའི་ལག་པ་བསྲིངས་ཏེ
སུ་ཞིག་གི་སྙིང་ལ་སྤར་སྙོབ་བྱེད་ཀྱིན་པ་ཚོར་ཀི
ཆགས་སྲེད་ཀྱི་འདོད་པས་འབར་བའི་རྒྱལ་སྲས་དེས་ལྕེ་བརྐྱངས་ནས
སུ་ཞིག་གི་གཞན་ལན་འཐུ་བའི་རོགས་ལོ་མའི་མངལ་སྒོ་གཙང་མ་
ལྡག་རྩིས་བྱེད་ཀྱིན་པ་མཐོང་ཀི
ལུ་གུ་བོར་བའི་ནུབ་ཁ
སྨུག་ལོང་ཁྲོད་ཀྱི་གནའ་བོའི་རི་གྲོང་ལ་འཐེན་པའི་
རྣོ་སྐུད་ལྟ་བུའི་རྐང་རྗེས་དེས་སུ་ཞིག་གི་ལམ་སྣ་དྲངས་ཏེ
ངའི་ནུབ་ཁའི་ལྷིང་འཇགས་ལ་དུངས་པའི་སེམས་ཀྱི་དྲན་པ་དེ་རྨས་ཐལ
ངའི་བརྩེ་བའི་རྨུ་ཐག་ལ་བརྒྱུས་པའི་ལུ་གུ་སྙིང་ཉེ་དེ་ཁུར་ཐལ
ངས་ཅི་ཡིན་འདི་ཡིན་མེད་པར་གློ་བུར་དུ་ཀི་རྒྱངས་ཤིག་བྱེད་དུས
རུ་གསེབ་ནས་ཆས་ཡོང་བའི་ཤ་ཁྱི་ཁྲིད་པའི་སྡེ་དཔོན་བརྗིད་པོ་དེས
གདོང་ལ་ཁྲོ་བའི་ཉམས་ཀྱི་དམར་མདངས་ཤིག་བསྡུས་ནས
སྡེ་བའི་ལྷ་སྲུང་མ་གཉིད་ཀྱི་བདེ་བ་ལས་སློང་བའི་གཏེ་བོ་དེ་གང་རེད་ཟེར་ཀི
ཤ་ཁྱི་དེས་ཅི་ཞིག་གོ་སོང་བ་བཞིན་སྡེ་དཔོན་གྱི་གདོང་ལ་ལྟ་ཙམ་བྱེད་པའི་
རྣམ་འགྱུར་ལས་ངས་སྙིང་རྗེ་བའི་ལུ་གུ་དེའི་གཟུགས་བརྙན་མཐོང་ཀི
སྡེ་དཔོན་ཆེན་པོའི་མགོ་མཇུག་སློག་པའི་སྐད་ཆའི་ཚིག་གྲུབ་ལས
ངས་དེ་རིང་གི་ནུབ་ཁར་བོར་བའི་ཉམ་ཆུང་བའི་ལུ་གུ་དེའི་འབའ་སྒྲ་གོ་ཀི
རྩོམ་ཁུངས། ངེད་དྲ་བ།