ཟླ་ངོགས་ཀྱི་ཕ་ཡུལ།
ཕ་ཡུལ་དུ རྒྱུན་དུ་མཐོང་བ་ནི་ཁ་དོག་ནག་པོ་རེད
ཕ་ཡུལ་དུ ནམ་ཡང་འཕྲད་དཀའ་བ་ནི་བརླན་གཤེར་གྱི་དངོས་པོ་རེད
_____________སྙན་ངག་པ་ལྡོང་ཕྲུག་གི་ཚིག་གཡར་བ།
དུས་རབས་དང་མི་འཚམས་པའི་ཁ་སང
དཀའ་སྡུག་དང་མནར་གཅོད ངའི་ཕ་ཡུལ་དུ་བརྒྱུད་ཀྱང
དུངས་པ་དང་རྒྱལ་ཁ་ཐེངས་ཤིག་གིས
སྦྲ་འདབས་སུ རང་ཉིད་ཀྱི་ཡོན་ཏན་རྐྱང་རྐྱང་གིས་ཁྱབ
ཟླ་བ་བཞིན་ནམ་མཁར་མངོན་པའི་སྐར་ཚོགས་ཀྱིས
རྨི་ལམ་ཁྲོད རེ་སྨོན་ཀྱི་དབྱངས་རྟའི་བརྩེ་བ་སྒོམ་ཡང
སུ་ཞིག་གི་ཆེད་དུ
ཨ་མས ཨུ་ཚུགས་རྐྱང་རྐྱང་གི་མིག་ཆུ་གཏོར
ཕ་ཡུལ་དང་ཕ་ཡུལ་གྱི་བར
ཁོར་ཡུག་དང་སྤྱི་ཚོགས་ཀྱི་བར
བགྲེས་ཆེ་བའི་ཨ་ཕས ཡིད་ཆེས་དང་ཕྱི་ཐག་མ་ལྷོད་པར
རྒྱང་རིང་གི་མཛེས་སྡུག་ཀློང་ན གོ་རྟོགས་ཤིག་གིས
ལོ་རྒྱུས་ཀྱི་རྡོ་རིང་ལ་བདེན་དཔང་ཐེངས་གཅིག་བཞག
བསམ་བློའི་ཁ་དོག་ལས
ཚོར་འདུ་མང་བོ་ཞིག་གི་སྒོ་འཕར་འབྱེད་ཀྱིན
ས་སྨྱུག་གི་སྒོ་འགྲམ་ན སྐྱ་རེངས་ཀྱི་འཛུམ་མདངས་རྙེད་ཀྱང
དྲང་ངེས་བདེན་གསུམ་གྱི་བར་ན
སྦྲ་ཁྱིམ་གྱི་རང་མདངས་མཐོང་ངམ ཕ་ཡུལ་ལགས
འབྲོང་ཁྱུ་གཅིག་གིས
ངོ་མཚར་གྱི་རྟོགས་བརྗོད་ལས་དཔའ་བོའི་མཛད་རྗེས་བཀླགས
རང་ལུགས་ཀྱི་གོ་ཆ་ལས་སྡར་མའི་ཤུགས་གླུ་བསྒྱུར་ཡང
ཁྱེད་དང་རུས་གཅིག་པའི་ངའི་ཕ་ཡུལ
མེ་ཏོག་གི་འགུལ་རྒྱན་འདོགས་སའི་དུས་རབས་ཀྱི་རྐང་རྗེན་མིན
ན་ཟུག་གི་སྡུག་བསྔལ་གླེང་སའི་ལོ་རྒྱས་ཀྱི་བསྣོལ་འཚམས་མིན
ད་དུང བདེ་འདོད་དང་ལག་ལེན་ཕྱིར་ལོག་པའི་སྡུག་བཟོད་ཁོ་ན
སྤྱི་ཚོགས་ཧྲིལ་བོའི་སྣང་བརྙན་གྱེར་ཡང
ཕ་ཡུལ་ནི་སྔ་མོ་ནས་ཕ་ཡུལ་ཡིན་ཞིང
_____ཁྱེད་དང་ངའི་བརྗིད་ཉམས་ཀྱི་ཞབས་རྗེས་འཚོལ་ས
ཕ་ཡུལ་ནི་སྔ་མོ་ནས་ཕ་ཡུལ་ཡིན་ཏེ
_____རིག་གནས་དང་གོམས་སྲོལ་ཞིག་གི་འབྱུང་ཡུལ་རིང་མོ
མཛེས་སྡུག་དང་ཡིད་སྨོན་གྱི་ཞིང་ས་དེར
དྭངས་གཙང་གི་ཞོགས་པ་རེ་རེ
སུ་ཞིག་གིས་སྦར་བའི་འོད་སྣང་ཡིན་ནམ?
ད་དུང ལྷོད་གཡེང་གི་རྨི་ལམ་རེ་རེ
ཕྱི་མིག་གི་སྡུག་བསྔལ་རེད་ཨང ཕ་ཡུལ་ལགས
ས་གཞི་དང་མཁའ་དབྱིངས
ཕ་ཡུལ་གྱི་བསམ་གཞིགས་ལས་སྨིན་པའི་འཚོ་རྟེན་སྣུམ་པོ
འཚོལ་སྙེག་གི་ལོ་ཟླ ཕ་ཡུལ་གྱི་དྲན་ངོགས་སུ་བཞུར་ཡང
འབྲོང་གཡག་གི་གོམ་སྒྲ་དེ
དུས་རབས་ཀྱི་དན་རྟགས་ཤིག་ཨང?
དབྱར་ཁ་མིན་པའི་ཚོར་སྣང་གཞན་ཞིག་གིས
ངའི་ཁོར་ཡུག ངའི་སེམས་པ ངའི་འཇིག་རྟེན
ཡོད་ཚད་འཁྱག་གིས་བསྡམས་བཞིན་ངའང་གྲང་འདར་བྱུང
དུས་ཚུགས་དེར ཨ་ཕས
མེ་ལྕེ་ཞིག་ལ་རེ་སྒུག་འཆའ་བཞིན
བསམ་བློའི་མིག་ཆུ་དེ
མི་ཚེ་གཅིག་གི་བསམ་གཞིགས་ཁྲོད་གཉིད་ལ་བྱིན
མདང་ནུབ་ཀྱི་བསམ་བློའི་སྒེའུ་ཁུང་ཡང
ཆོས་ཉིད་དེའི་དབང་གིས རྨི་ལམ་ལ་རིང་མོའི་རྨ་ཁ་བསུ་བཞིན
སླར་ཡང་གཉིད་དུ་ཡུར་མོད
རྒྱུ་འབྲས་དེ དྲིན་གཟོ་དེ
སྦྲ་འདབས་ན་མནར་བའི་ཁྱོད་ཀྱི་འདྲུད་ལྷན་ཡ་གཅིག
འོན་ཀྱངདངད་དུངགི་རྗེས་སུ
རྩྭ་ཐང་གི་འགྲམ་ངོགས་ན་སྨྲ་བརྗོད་དྭངས་མོས
ཁྱེད་ལ་རླུང་རྟའི་གཤིས་ཀ་བསྩལ་ཡང
གྲོང་ཁྱེར་ཞིག་གི་སྒོ་འགྲམ་ན
ཁྱོད་ཀྱི་ཕྱི་མིག སྡུག་རྩུབ་ཀྱིས་གང་ཞིང
ཁྱོད་ཀྱི་སེམས་པ་དེ མེ་ལྕེ་བཞིན་འབར
བཤད་སྲོལ་ཞིག་གི་ཆོས་ཉིད་དེ་བདེན་དོན་ལ་བཟུང་བས
སྣང་ཚུལ་ཞིག་གིས་འགྲོ་སྟངས་དེ་ནོར་གྱིན་འདུག་ཨང ཕ་ཡུལ་ལགས
ཕ་ཡུལ་ལ་ཆར་བ་འབབ་དུས་སུ བདག་གིས
མཆོད་ཁང་ཞིག་གི་མདུན་ལྗོངས་ལ་རྒྱང་ཕྱག་འབུལ་བཞིན་མེ་དྲོད་སྒོམ
སེམས་ཆུང་ངང ངུར་སྨྲིག་གི་གླིང་བུ་རྒྱང་འབུལ་བྱེད་ཀྱང
ཕྱིས་སུ ལོ་མ་སེར་པོ་ཞིག་གི་སྔོན་འགྲོར་གྱུར
བགྲེས་པོ་ཚོས སྦྲ་སྒོར
འོ་ཇའི་མངར་ཁ་ལས་གནམ་རྒན་མའི་ངུ་རྐྱེན་གླེང་བཞིན
ཕྱི་མིག་མེད་པའི་ཡུལ་ལྗོངས་ཧྲིལ་བོ
འཇམ་ཅག་གེར་ཕྱིན་དུས
ཏག་ཏག་གི་ལྗང་སྨྱུག་ཡང ཐོག་མ་ནས
བད་ཀྱིས་བཅོམས་པའི་ལས་དབང་ཁྱུར་མིད་བྱེད་དགོས་སམ ཕ་ཡུལ་ལགས
དུས་ཚིགས་འདི ཐག་རིང་ཐག་རིང་གི་སྔོན་འགྲོ་ཡིན་ཀྱང་སྲིད
དུས་ཚིགས་འདི མཛེས་སྡུག་དང་རྟོགས་བརྗོད་ཅིག་གི་སྡོམ་ཚིག་མིན་ཀྱང་རུང
ངའི་ཕ་ཡུལ་ན་སྙན་ངག་འདྲ་བའི་ཁྱོད་ཉིད་གླེང་དུས་སུ
མག་མོག་གི་ཕ་རོལ་ཏུ་སྦས་སྐུང་མཛད་པའི་ཁྱོད་ཀྱི་གསང་མྱུལ་རྟོགས་སོང
ངའི་ཕ་ཡུལ་ན་ཆུ་ཤེལ་ལྟ་བུའི་གངས་རི་གླེང་དུས་སུ
རི་སྤྱང་ཞིག་གི་ཧམ་སེམས་ཀྱིས རྒྱ་སྟག་ཅིག་གི་ཟུག་སྐད་ཀྱིས
ཁོར་ཡུག་གི་བརྩེ་བ་བཅོམས་ཀྱིན
ལྷིང་འཇགས་ཀྱི་འཚོ་བ་དཀྲོགས་ཀྱིན
ཡོད་ཚད དུས་རབས་ཉེར་གཅིག་གི་གར་སྟེགས་ཤིག་ཏུ་འགྲིམ
ཡིན་ནའང ཁྱོད་ཀྱི་འཁོར་བ་དེ ཁྱོད་ཀྱི་ཞེ་ཆགས་དེ
གྲོང་ཁྱེར་ལ་ཉུལ་ཡང ཕ་ཡུལ་ན
བསམ་གྱིན་བསམ་གྱིན བསྡད་ཀྱིན་བསྡད་ཀྱིན
སྨྱོ་རྟགས་དང་བླུན་རྟགས་བསྟན་ཏེ རྒས་རྒྱུ་མེད་པའི་འབྱུང་བ་ཡང་དཀྲུགས་སོང
ཐོབ་པ་མ་ཐོབ་ཀྱི་བར་ནས
གུ་དོག་ཅིང་འཁང་ར་མེད་པའི་བྲག་འགག་དེ
རང་དབང་གི་ཁྱིམ་གཞིས་ཤིག་ཨང ཕ་ཡུལ་ལགས
རྟ་མཆོག་གི་འཚེར་སྒྲ་རྩྭ་ཐང་དུ་བྱིན་པ་ནས
ལམ་འགྲམ་གྱི་མེ་ཏོག དགོད་ཀྱིན་དགོད་ཀྱིན
མཛེས་སྡུག་གི་རི་ལུང་ལྟ་བུའི་ཕ་ཡུལ་ཡང ཏག་ཏག་རང་གི་ཕ་ཡུལ་རེད
བཤད་རྒྱུན་ཞིག་ལ
ཕ་ཡུལ སྔ་མོ་དུས་ཀྱི་ཕ་ཡུལ་ཡིན་ཟེར
ཁ་བ་དང་ལོ་ཟླ་ཅི་འདྲ་འཁོར་ཡང
སེམས་ཅན་ཚོས དམ་པ་ཞིག་གི་གསུང་རབ་ཀློག་བཞིན
སྤྲེའུ་སེམས་དཔའི་་གཏམ་རྒྱུད་བརྩམས་ཞིང
མ་ཎི་འཁོར་ལོའི་རིན་ཐང་གླེང་དུས་སུ
ཤམ་བྷ་ལའི་མཛེས་སྡུག་ཀྱང བརྗིད་ཆགས་སེ འོད་ལྷམ་མེར
རྒྱང་རིང་གི་སྨོན་འདུན་ཁྲོད
གངས་རིའི་ལས་དབང་ལ་ཉི་འཁྱིམས་བཞིན་བསྐོར
དེ་ཡང་སྙན་ངག་པས་ཕ་ཡུལ་འཚོལ་བཞིན སྔར་བཞིན
ལྷིང་འཇགས་ལ་དུངས་བའི་བག་ཆགས་ཤིག་རེད་ཨང ཕ་ཡུལ་ལགས
མཚན་མོར སྐྱ་ཐང་ཐང་གི་སེམས་པ
སྤྱང་ལྟོགས་འགའི་ངར་སྐད་ལས
སུ་ཞིག་གིས་ཁ་ལོ་བསྒྱུར་གྱིན་པའི་ཕོ་ཉར་འགྲིམས་སོང?
ལོ་རྒྱུས་གྲངས་མེད་ཅིག་གི་གཏིང་རུམ་འགྲིམ་པའི་དགོངས་དོན་ཡང
སྨྲ་བརྗོད་ལ་ལྐོག་གྱུར་གྱི་བསླུ་བྲིད་འདྲེས
འཇམ་རྩུབ་གང་རུང་གི་རྒུན་ཆང་གི་མངར་མོའི་བཟི་ཁ་ཡང
སྔ་མོ་ནས་ལམ་ལ་ཆས་ཟིན་པས ཕ་ཡུལ་གྱི་ཕོ་གསར་ཚོས
རྟོགས་འཆར་ཧྲིལ་བོ་ཞིག་ལ་འཇབ་རྒོལ་ཐེངས་འགའ་བྱས་ཀྱང
ང མཚན་ལྗོངས་གང་གི་འུག་པ་ཡིན་པའང་མ་ཚོར
མཚན་མོ་དེར རྨི་ལམ་མང་བོ་ཞིག་གི་སྒོ་གླེགས་རྡུང་དུས་སུ
ཁོ་ཚོ་རང་ཉིད་ཀྱི་བདག་པོ་བྱེད་ཀྱིན ཕ་ཡུལ་ན
རང་ཉིད་དང་འཚམ་པའི་རྐང་ལམ་ཞིག་བསྐྱར་དུ་བཞེངས་ཤིང
དམར་པོའི་བྲག་འགག་ན རྔོན་པའི་གཏམ་རྒྱུད་མོད་པས
ལོ་ཟླ་འཇིགས་སྐྲག་གིས་བགྲོད་དགོས་ཨང ཕ་ཡུལ་ལགས
ལྷིང་འཇགས་ཀྱི་འཇིག་རྟེན་མ་དཀྲོགས་ན
ཁེར་རྐྱང་གི་ལོ་ཟླ་མ་རྒས་ན
མི་འགྱང་བར རྨ་ཁའི་ཁྲག་རྒྱུན་ཆད་ཅིང
ཐོས་འཛིན་གྱི་ཚོར་བ་དེ
སེམས་པའི་སྒེའུ་ཁུང་ནའགྱུར་ལྡོགགི་དགོད་སྒྲ་འཕྱོ
འདྲེན་བྱེད་ཀྱི་མཐོང་ལམ་ཡངས་མོ
ཁུ་སིམ་མེར ཕ་ཡུལ་དུ ཁོ་མོའི་མཚན་ལྗོངས་མྱུལ་ཞིང
རྩྭ་ཐང་ཧྲིལ་བོར སྙན་ངག་གི་འཇོ་སྒེག་ལྷོད་ཀྱིས་བརྫངས
སྐྱ་རེངས་ལ་དུངས་པའི་འབྲོང་ཁྱུ་དེས་ཀྱང
སྔར་བཞིན རང་ཉིད་ཀྱི་འཕྲུལ་སྣང་མེ་རུ་སྦར་བཞིན
སྤོབས་པ་དང་ཚེ་སྲོག་ལ་ལག་རྡང་སྤྲེལ་ཏེ
ལོ་ངོ་སྟོང་ཕྲག་གི་བཞུད་ལམ་ཡང
སྙན་ངག་གི་ས་སྲོད་ཅིག་ཏུ་གྲུབ་འདུག་ན
ཚོན་མདངས་ཤིག་གིས་ཚུལ་ཆ་བཟོ་ཨང ཕ་ཡུལ་ལགས
ཕ་ཡུལ་ལགས རྒྱང་འབོད་ཀྱི་འགྱོད་གདུང་རེ་རེ
མེ་བཞིན་སྦར་ཚེ ཡུལ་ལྗོངས་ཀྱི་སྨྲེང་སེམས་དེ
རྒྱ་མཚོ་བཞིན་འཁྱིལ་ཡང
ཁྱོད་ཀྱི་འཁར་ཤུགས སྐྱ་ལྐོག་ལྐོག
ཟུངས་ཁྲག་གིས་གསོས་བའི་ཨ་མ་ལས་སུ་ཞིག་ཡོད་དམ?
དམར་རྗེན་རྗེན་གྱི་རྐང་རྗེས་འགའ
ད་དུང ཕ་ཡུལ་དུ་སྲོལ་རྒྱུན་གྱི་སྒྲོག་ཏུ་ཚུད་འདུག་པས
ཐམས་ཅད་ཆོས་ཉིད་དང་འདྲ་བའི་རྟོག་བཏགས་དངབསྡུས་བརྗོད་ནག་པོའི་རྒྱབ་ལྗོངས་ཀྱང
མཐོ་སྒང་གི་ཆོས་ཉིད་ཅིག་ཨང ཕ་ཡུལ་ལགས
གྲོང་ཁྱེར་ནས་ཕ་ཡུལ་དང་ཕ་ཡུལ་ནས་གྲོང་ཁྱེར་ལ
ཕར་འགྲོ་ཚུར་འོང་གི་འགྲོན་པོ་དེ་དག
ཉི་ཟླའི་འཆར་ཤུལ་ན་ཐོལ་གྱི་འགྱིང་ཞིང
ཡིན་རྟོན་གྱི་ཐ་སྙད་དེ་དག་ཀྱང
ལོ་ཟླ་འཚུབ་མ་བཞིན་འཁོར་བའི་ཕ་ཡུལ་ན་ཆག་འཇིག་ཐལ
དེ་བས མགྲོན་པོ་ལགས
ཁྱོད་ཉིད་ཕེབས་ཤིག ཐོག་མ་ནས་ངའི་ཕ་ཡུལ
འདུ་འཛི་བྲལ་ཞིང ལྷིང་འཇགས་ལ་དུངས་སྣང་གསལ་བས
ཟླ་ངོགས་ན་འཚོལ་བའི་རི་གྲོང་རྐྱང་རྐྱང་ཞིག
ཡང་ན ཕྱི་རོལ་དུ་མིག་ཟུང་མང་བོས
རྒྱང་རིང་གི་ཁ་དོག་འཚོལ་བཞིན
ཀུ་ཅོ་དང་རྙིང་ཞེན་མེད་པའི་ས་སྒང་ན
ཕོ་བྲང་དམར་པོ གཟི་བྱིན་དྲན་པའི་ཕ་རོལ་ན་འཕྱོ
དེའི་ཕྱིར མགྲོན་པོ་ལགས ཁྱེད་ཉིད་འདིར་ཕེབས་དང
ལྷིང་འཇགས་ཀྱི་ངའི་ཕ་ཡུལ སྔོན་ཐོན་ཅན་གྱི་རྩྭ་ཐང་ཞིག་ཀྱང་ཡིན་སྲིད
2005.5བར་བྲིས།
རྩོམ་ཁུངས། ངེད་དྲ་བ།