རྩྭ་ཐང་དུ་མིག་ལ་འཛུལ་འོངས་པ་དེ་དག
ཕ་ཡུལ
ཆེས་སྙིང་དུ་སྡུག་པའི་དཀར་ཡོལ་འབྲུག་རིས་མ་ཞིག་སྟེ
ཨ་མ་ཁོ་ནའི་ལག་ཟུང་བར་ན་འོད་དུ་འཚེར
ཨ་ཕ་རྔོན་ལ་ཆས་ཤུལ་དང
བུ་བུ་མོས་རྒྱང་རིང་སྙེག་ཤུལ་ནས
ཨ་མ་དང་ཕ་ཡུལ་ཁོ་ནས་རེ་བའི་བུད་ཤིང་ཐབ་ལ་སྒོང
རྩྭ་ཐང
དམ་བཅའ་དང་ཤེས་རྒྱ་མེད་པའི་བུད་མེད་ཅིག་སྟེ
སུ་ཡིན་ལ་གཟེད་པར་བྲེལ་བའི་རུམ་ཁ་དེའི་དབང་གིས
བྲང་དཀྱིལ་དུ་ཞོ་ལྟར་ཆགས་པའི་བརྩེ་འདང་དེ་ཡང
རླུང་བུ་ལྡོམ་པོ་དེས་འགྲོ་ཞོར་ལ་ཁྱེར་སོང
ཚོང་བ་མང་བོའི་མིག་འོད་ཐོགས་པའི་བརྩེ་མ་ཨང
ད་ནི་ཁྱོད་ཀྱི་མཛེས་རྒྱན་ཉག་ཅིག་སྟེ
ལན་བུར་བཏགས་པའི་གཟི་མིག་དགུ་བ་དེ་ཡང་ལྷུང་ལ་ཉེ་ཨང
གངས་རི
ཁྱོད་ཀྱི་ནང་སྙིང་མུ་ཏིག་གི་བསིལ་ཆུ་དང
ཁྱོད་ཀྱི་ཁ་དོག་ལྷད་མེད་ཀྱི་དངུལ་དཀར་ཡིན་དུ་ཆུགས་ཀྱང
ནམ་ཡོང་མི་ཤེས་པའི་རླུང་འཚུབ་དེ་ལྡང་ཐེངས་རེར
ཁྱོད་ཀྱི་ཡོད་ཚད་རང་དབང་ན་མེད་པ་ཅི་རེད
སྙིང་ལ་གཟན་པའི་དཔྱིད་རླུང་དེའི་རྗེས་ན
ཁྱོད་ལ་ཁ་བ་ལྟ་བུའི་སེམས་གསོ་ཡོད་པ་མ་བརྗེད་ཅིག
འབྲོག་ཁྱི
ཁྱོད་ཀྱིས་པགས་རྩག་སྐྱ་བོ་དང་དམག་ལྭ་ལྗང་ཁུ་གང་གྱོན་ཀྱང
ཆོན་ཐག་ཕྱོགས་བཞིར་བརྐྱངས་པའི་སྦྲ་ནག་དེར་འཛུལ་རྐྱང་ཡིན་ཏེ
ཤ་རྡོག་གཅིག་གིས་ཚིམས་འགྲོ་བའི་རྒྱ་ཁྱི་སྣ་ལེབ་དེ
ཁོར་ཡུག་འདིའི་བདག་པོར་གྱུར་ནས་རིང་ཞིག་འདས་ཡོད
གཞན་ཡང རྣམ་ཤེས་མི་ལས་སྤྱང་བའི་འབྲོག་ཁྱི་མེད་ས་ན
སྲོད་ལ་སླེབས་བྱུང་ཟེར་མཁན་མེད་ལ
ཐོ་རེངས་བཞུད་སོང་ཟེར་མཁན་དེ་བས་ཀྱང་ཡོད་མི་སྲིད
དར་ལྕོག
ནོར་ལུག་ཤོད་ལ་ཕབ་དགོས་པའི་བཀའ་ལུང་བསྒྲགས་སོང
བོད་མིས་གྲོང་ཁྱེར་སྙེག་དགོས་པའི་ཡིག་ཆ་བཀྲམ་སོང
དར་ལྕོག་ལྟ་བུའི་གྱོན་ཆས་གྱོན་རྒྱུར་དགའ་བའི་བོད་པ་ཚོས
ཤོམ་ཆེན་ཕུ་ཐུང་རིང་དགོས་པའི་སྡོམ་ཚིག་གཡུགས་ནས
གསར་བཤད་གང་ཞིག་ལ་ཨ་འཐས་བྱེད་པའི་དུས་འདིར
ངས་ཁྱོད་རང་གཅེར་བུར་བུད་པར་ལེ་བདའ་མི་བྱེད
མ་ཎི་རྡོ་བརྐོས
རྣོ་ལྕགས་ཐོགས་པའི་གནའ་མི་དེ་ཚོས
ཁྱོད་རང་ཏག་ཏག་རྡོ་ཡི་སྙིང་བོར་བརྐོ་དོན
ཁེངས་དྲེགས་དང་རང་བསྟོད་ཅིག་གཞར་ཡང་མ་རེད
དེ་བས པར་ཆས་བཟུང་བའི་ཕྱི་གླིང་བ་དེའི་མདུན་ནས
ཁྱོད་ཀྱིས་སྒམ་བརླིང་གི་ཚུགས་ཀ་སྟོན་དགོས་དོན་གང་ཡང་མེད
མཚེར་ས
འབྲི་བརྒྱ་ཚང་གི་འབྲི་མོ་བཏགས་ཤུལ་གང་རེད
ཁྲི་ལུག་ཚང་གི་ལུ་གུ་བརྩེས་ས་གང་རེད
ཇག་རྟ་གཟུགས་སའི་རྟ་ཕུར་གང་རེད
འབྲོག་ཁྱི་གཟུགས་སའི་གནས་མལ་གང་རེད
མེས་པོ་ཞིག་གིས་དགྲ་བོའི་བགྲོད་ལམ་བཅད་པ་དེ
འབྲོང་རྒོད་ཅིག་གིས
རུ་ཐུར་ས་ལ་དྲུད་ཤུལ་དང་འདྲ་ཟེར་བ་དེ་ང་ལ་སྟོན་དང
བསང་ཁྲི
སྐྱེས་པ་ཚོ་དམག་ལ་ཆས་དུས
ཁྱོད་རང་འཛུལ་དམུལ་ལེར
སྐྱེས་མ་ཚོས་མར་ལོ་ལེན་དུས
ཁྱོད་རང་སྣུམ་ཤིག་གེར
བསང་ཁྲིའི་བདག་པོ་ཚོས་རྩམ་སྐྱ་བགམ་དགོས་ཀྱང
བསང་ཁྲིའི་དུས་ཚུགས་ནི་ནམ་ཡང་སྟོན་ཁ་ཉིད
བོད
མདའ་མོ་གཅིག་གིས་གང་སར་གཏོར་བའི་མུ་ཏིག་གི་ཕྲེང་བ
སྨུག་(མུག)པ་ཞིག་གིས་གང་སར་བདས་པའི་ལུག་ཁྱུ་ཐར་ཐོར
རྒྱུས་མེད་ཀྱི་ལག་པ་དེས་ཕྲེང་ལ་རྒྱུས་ཚེ
སུ་ཞིག་གི་མཛེས་རྒྱན་དུ་འགྱུར་སྲིད་ལ
རྒྱུས་མེད་ཀྱི་རྫི་བོ་དེས་ལྷས་ལ་སྐྱིལ་ཚེ
སུ་ཚང་གི་སྒོ་ཟོག་ཏུ་འགྱུར་སྲིད
ཨ་ཨ བོད་ཨང བོད་ཨང
ངའི་སྙན་ངག་གི་སྲོག་རྩར་འཐིམས་པའི་བློས་བསླངས་རིང་མོ
རྩོམ་ཁུངས། ངེད་དྲ་བ།