དབུས་ནས་བཏབ་པའི་ཟིན་བྲིས་ཐར་ཐོར་མ།
ལྷ་ས་ཞེས་བའི་ས་ཚིགས་འདིར་ཐོན་ནས་ང་རང་ཉི་མ་ཉི་ཤུ་ལས་འགོར་མེད
པོ་ཏ་ལ་དང་གཙུག་ལག་ཁང་སོགས་ཀྱི་ཐ་སྙད་འདི་དག
བོད་མི་ཚོའི་་སྐེ་ན་ཡོད་པའི་ཕྲེང་བ་ཇི་བཞིན་ཚི་དྲེག་གིས་ཕྱུག་པས
ཁོ་བོས་ཕྱི་གླིང་བ་དེ་ཚོ་ལ པོ་ཏ་ལ་དེ་རི་བོ་ཞིག་མ་ཡིན
གཙུག་ལག་ཁང་དེ ཆང་ཁང་ཞིག་མ་ཡིན་ཞེས
ཨུ་ཚུགས་ཀྱིས་བཤད་མྱོང
ཁ་བ་ཆེན་པོས་ལྷ་སའི་རི་བོ་འདི་དག་གི་རྩེ་མོ་བཟུང་ནས་ཉིན་དུ་མ་འགོར
གཞུང་གི་གློག་པྲ་ལས་མུག་གེ་དང་གངས་སྐྱོན་ཆེན་པོའི་ཁྲོད་དུ
སུ་ཞིག་གིས་བཞག་པའི་དཔའ་ངར་ལ་བསྟོད་ར་བྱེད་དུས
ནས་ཆང་འཐུང་བའི་ས་སྐྱ་བ་དང ནོར་ཤ་ཟ་བའི་ནག་ཆུ་བ
ད་དུང ར་མོ་ཆེའི་སྲང་ཆུང་དུ་མགོ་འཐོམ་པའི་ཨ་མདོ་བ
མི་མང་བོ་ཞིག་ད་དུང་གློག་པྲ་ལ་འཆར་མ་ཐུབ་པས
ངས་འཁང་ར་མི་བྱེད་ཀ་མེད་རེད
1ཇ་མངར་མོ་འཐུང་བཞིན་པའི་དབུས་པ་དེ་ཚོ
སྐོར་དང་སྐོར་བྱས་ནས
མ་ཅང་ཟེར་བའི་ཅོག་ཙེ་དེའི་མཐའ་ལ་རུབ་དུས
ལྷ་སའི་ཉི་མ་སྒྱུ་ལུག་གིས་ཤར་ཅིང ཆང་རག་གིས་ལུས་པོ་ཟོས་སོང་བའི ཨ་མ་ལ་ཞིག་གིས
ལྷ་ས་ན་མོ་ཏྲ(རླངས་འཁོར)་མང་བོ་འདུག་ཞེས འཛུམ་གྱིས་བུད་བྱུང
ཆང་ཁང་ཞིག་ནས་བེ་སེ་ཁེ་ཨ་རག གྲོགས་པོ་ཚོ་དང་ལྷན་དུ་འཐུང་རྗེས
ཁ་རོག་གེར་ཉལ་ཁང་དུ་འཛུལ་དུས རྨི་ལམ་ལས་མི་གཞན་མང་བོ་ཞིག
གློ་བུར་དུ་ངའི་ཁང་བར་འཛུལ་ནས ང་ཚོའི་གསང་བའི་ཨང་གྲངས་ལ་ཐེ་གཏོགས་མ་བྱེད་ཟེར
ལྷ་སའི་ཉི་མ་འདི་འོད་ཟེར་དང་ལྡན་པ་དོན་དངོས་རེད
ལྷ་སའི་ཞོགས་པ་འདི་ཤུགས་དྲི་ཡིས་ཁྱབ་པའང་དོན་དངོས་རེད
གནའ་སྔ་མོར པར་སྐོར་ན་སྣམ་བུ་དང་ཐེར་མའི་ཚོང་རྒྱག་བཞིན་ཡོད་ཟེར
ད་ལྟ་ད་དུང་ཕྲུག་དང་སྣམ་བུ་དང་ཡོད་ནའང དེ་དག་རྫུན་མ་རེད་འདུག
པར་ཆས་རྫིག་པོ་ཁུར་བའི་ནང་ལོག་གི་ལྗོངས་རྒྱུ་བ་དེ་ཚོས
2ཡེ་བོའུ་ནས་ཐོན་པའི་སྤེལ་ཤེལ་གྱི་རྒྱན་ཆ་དེ་དག་ལ་བོད་པའི་ཁྱད་ཆོས་ཟེར་ནས
པར་ཆས་ཡང་ཡང་བསྐོར་བར་བྱེད
མེས་པོ་ཟེར་བའི་ཨག་ཚོམ་ཅན་དེ་དག་མེད་ཤུལ་ནས
ལྷ་ས་འདི་རྫུན་མ་ཞིག་ཨེ་ཡིན་སྙམ་པའི་སེམས་ཁྲལ་ཞིག
སྐྱིད་ཆུ་འདི་སྨུག་སྒྱུ་ཞིག་མིན་ནམ་སྙམ་པའི་ཐེ་ཚོམ་ཅིག
པོ་ཏ་ལ་འདིའང་གློག་བརྙན་ཞིག་མིན་ནམ་འདོད་པའི་སྨྲེང་སེམས་ཤིག
མི་ལ་ལས 3ལྷ་ས་ནི་ལྷ་དང་སྙན་ངག་གིས་གྲུབ་རབས་བཤད
མི་ལ་ལས 4ཉི་འོད་ལམ ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས་ཟེར
མི་ལ་ལས 5པོ་ཏ་ལ གཡོ་མེད་རྡོ་ཡི་ཁང་བཟང་ཟེར
བདག་གི་ཤར་ཚོད་ལ ལྷ་ས་དེ་ཉི་ཟེར་ཁྲོད་དུ་ལོ་མ་ས་ལ་ཟག་པའི་སྡོང་རྒན་ཞིག
ལྷ་ས་དེ སྐྱིད་ཆུའི་འགྲམ་གྱི་གྲམ་པར་ལུས་པའི་སྐོམ་པས་གདུང་བའི་ཉ་མོ་ཞིག
ལྷ་ས་དེ སི་ཁྲོན་གྱི་ཚོང་བ་དེ་ཚོའི་མ་ཅང་ཅོག་ཙེ་སྟེང་གི་འགྱིག་རྡེའུ་ཞིག
པར་བསྐོར་དེ་ཇོ་བོའི་སྐེད་པར་གཟེད་བའི་ཐག་པ་ཁྲ་ཁྲ་ཞིག་དང
པར་བསྐོར་གྱི་ཚོང་ཁང་དེ་དག་ཀྱང་མི་འདོད་པར་བཞད་པའི་དགུན་ཁའི་མེ་ཏོག་ཁ་ཤས་རེད་ཨང
ཉི་མ་དེ་ལྷ་སའི་སྒོ་དང་སྒེའུ་ཁུང་སོ་སོ་ན་ལྷག་ཏུ་འཇམ
བུ་མོ་ཆུང་ཆུང་ཚོས ཇ་ཁང་ཆུང་ཆུང་ནས་མཛའ་གཞས་ལེན་དུས
ལྷ་ས་ཟེར་བའི་ལུང་བ་འདི་ནས མི་རྣམས་བྲེལ་འཚུབ་མེད་པར་གནས་པ་ཤེས་ལ
རི་མགོ་འདི་ན་ཁ་བ་ཞུ་རྒྱུ་མེད་ཚུལ་ལ་བལྟས་ན ལྷ་སའི་ཉི་མའང་
དེ་འདྲའི་དྲོད་ཀྱིས་ཕྱུག་པ་ཞིག་མིན་སྲིད་ནའང
6གྲྭ་བཞིའི་ལྷ་མོ་ཟེར་བའི་འདུ་ཁང་དེ་ནས་བསང་དུད་ཀྱི་མེ་ལྕེ་དང
མི་རྣམས་ཀྱིས་ཚོད་མེད་དུ་ཆང་འདྲེན་ཚུལ་ལ་བལྟས་ན
ཁོ་ཚོའི་སྤོབས་པ་དང་རྔམས་སེམས ད་དུང་ཉམས་མེད་པ་ཤེས་ཐུབ
སྲང་མདོ་དང་སྲང་བར་བར་གྱི་མར་དྲི་དང
དཀྱོགས་མཚམས་དང་གྲུ་ཁའི་སྨད་ཚོང་མ་ཚོ
ལམ་སྣེ་རེ་རེ་ན ཚོང་རྫས་རྫུན་མ་ཁྱེར་བའི་སི་ཁྲོན་པ་དེ་ཚོ
མཐོང་ཚོད་ལ་སྤུན་ཟླ་ཟེར་ནས་སྐེ་འཐམས་འགྲོ་བའི་ཨ་མདོ་བ་དེ་ཚོ
ངས་མཐོང་མྱོང་བ་འདི ལྷ་ས་ཡིན་ནམ ལྷ་སའི་ལྷག་མ་ཡིན
ངས་ལོ་ངོ་དུ་མའི་རིང་ལ འཚོལ་བཞིན་པ་དེ་པོ་ཏ་ཡིན་ནམ ཕོ་བྲང་དེ་ཆགས་སའི་རི་བོ་དེ་ཡིན
བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས
"ཨ་མདོ་བ་ཚོ་རིག་པ་སྤྱང་བོ་རེད"ཟེར
ཁོ་བོས"རྒན་ལགས། སློབ་སྟོན་གནང་རོགས"ཟེར་དུས
མི་གཞན་ཞིག་གིས"ཁྱོད་ཀྱི་ལྷ་སའི་སྐད་དག་པོ་ཡོང་གི་མི་འདུག"ཟེར
དེ་དག་ནི ང་དང་གློ་བུར་དུ་འཕྲད་པའི་མི་ཚོའི་ཁ་བརྡ་ཡིན་ལ
སེམས་ཁྲལ་མེད་པར་ཤོར་སོང་བའི་སྐད་ཆ་དག་གི་ཤུལ་རྗེས་ཀྱང་ཡིན
ཉི་མ་ལྷ་སའི་ཞོགས་པ་འདི
བོད་ཁམས་ཀྱི་ཞོགས་པ་གཞན་དང་འདྲ་བར
གྲང་ངར་གྱི་མདུན་བསུས་ཏེ་ནུས་ཤུགས་ཀྱིས་ཕེབས་དུས
རྒྱ་ཕིབས་དང་གསེར་ཏོག་གི་དངུལ་ཆུ་དེ་དག་ཀྱང་ ཐིགས་པ་རེ་རེ་བཞིན
པོ་ཏ་ལ ལྕགས་པོ་རི སྐྱིད་ཆུ ལོ་ངོ་བཅུའི་སྔོན་ལ་ལས་ངལ་གསོས་པའི
སྤོ་ལགས་དེའི་གདོང་བ་དང་མཁུར་ཚོས་བརྒྱུད་ནས་ཟགས་འོངས
གྲོང་ཁྱེར་ཉེན་རྟོག་པའི་ཁང་བརྩེགས་དེའི་འགྲམ་ན རླངས་འཁོར་དག
ཡིད་ཆད་དང་ཞེ་འཁོན་མེད་པར་རྒྱུགས་ལ ར་མོ་ཆེའི་སྲང་ལམ་ན
"མར་བསུས"ཟེར་མཁན་གྱི་ཚོང་བ་དེ་དག
སྔར་ལྟར་ཧ་ལས་ནས མར་དྲི་དྲོ་བའི་ལག་པ་བསྲིང་ནས
ཤོག་སྒོར་ལའང་མར་དྲི་བགོས་བྱུང
དེ་ནས་དུ་བ་ལའང་མར་དྲི་བགོས་བྱུང
རིམ་གྱིས་ཇོ་བོ་ལའང་མར་དྲི་བགོས་བྱུང
ལྷ་ས་བསྐྱུར་ནས་ལན་ཀྲུ་ལ་ཕེབས་སྐབས
མེ་འཁོར་གྱི་མཇུག་མ་ན ལུས་པའི་ལུང་བ་དེ
མིག་ལམ་ནས་ཡལ་དུ་མེད་པའི་མེ་ཕུང་འཁྱག་པ་ཞིག་དང་འདྲ་བར
དལ་གྱིས་དལ་གྱིས་རི་བོའི་གསེབ་ཏུ་འཛུལ་སོང
ཐམ་ཀ་དང་རེའུ་མིག་གི་ཆར་བ ཚོགས་འདུ་དང་ཟིན་ཐོ་དག
རྫོགས་རྒྱུ་མེད་པའི་ཚོང་བ་ཚོའི་རྔམ་སེམས
གང་ལྟར ང་ལོ་རྗེས་མར་ཡོང་དུས
ལུང་བ་འདི གནས་ལུགས་མེད་པར་ཡལ་མི་འགྲོ་བར་སྨོན
མཆན། 1 ལྷ་སའི་ཇ་ཁང་མང་ཆེ་བས་མགྲོན་པོ་ཚོར་ཇ་མངར་མོ་དང་བསུབ་མ་གང་རུང་འདྲེན་ངེས་ལ། མི་མང་ཤས་ཇ་མངར་མོ་འཐུང་རྒྱུར་དགའ་འདུག
2 ནང་ལོག་གི་གྲོང་ཁྱེར་浙江省义乌市 ཟེར་བ་དེ་ཡིན་ལ། ལྷ་སའི་པར་བསྐོར་གྱི་འདོགས་ཆ་དང་རྒྱན་ཆ་མང་ཤས་ས་དེ་ནས་སྡེབ་ཉོ་བྱས་པའི་ཅ་ལག་ཡིན་པ་འདྲ་ནའང༌། ཁོ་བོས་ཐག་མི་ཆོད།
3 སྐུ་ཞབས་བདུད་ལྷ་རྒྱལ་གྱིས་ཁྲི་གོང་ཨོ་རྒྱན་ཚེ་རིང་གི་སྙན་ངག་ཅིག་གི་དཔྱད་བརྗོད་དུ་ཁ་བྱང་འདི་འདྲ་ཞིག་བྲིས་ཡོད་དོ།།
4 ཁྲི་སེམས་དཔའི་སྙན་ངག་ཅིག་གི་ཁ་བྱང༌།
5 རྨ་ཆུའི་བསམ་གཏན་གྱི་རྡུང་ལེན་ཞིག་གི་མིང༌།
6 སྲུང་མ་ཁྱད་པར་ཅན་ཞིག་གནས་པའི་ལྷ་ཁང་སྟེ། ལྷ་དེས་ཕྱི་རོལ་ནས་ཡོང་བའི་ཚོང་བ་དག་ལ་མགོན་སྐྱབས་ཆེན་པོ་བྱེད་ངེས་ཟེར། ལྷ་དེར་གཙོ་བོ་ཆང་མཆོད་བཞིན་ཡོད། ཨ་མདོ་དང་ཁམས་པའི་ཚོང་བ་ཚོས་ཆང་གོང་ཆེན་མང་བོ་ཉོས་ཡོང་ནས་ལྷ་མོ་དེ་ལ་མཆོད་དེ། རང་ཉིད་ཀྱི་ཚོང་ལམ་ལ་འགྲོ་བའི་གསོལ་བ་སྨོན་ལམ་ཡང་ཡང་འདེབས་པར་བྱེད།
རྩོམ་ཁུངས། ངེད་དྲ་བ།