བོད། མུན་ནག་གི་རྩེད་ར།
ཉེར་གཅིག་དུས་རབས་བུ་མོ་མཁའ་ནས་འཛུམ།།
ཚན་རྩལ་རིག་པའི་འཕེལ་ཁ་ཕྱོགས་སུ་རྒྱས།།
གངས་དཀར་མུ་ཁྱུད་བཀྲ་བའི་མཁའ་གྲོང་ན།།
སྲོལ་རྒྱུན་མུན་པ་ནག་པོའི་བཙན་རྫོང་སྟུག།
ཨ་ཇོ་རི་ལུང་སྙེག་པའི་མལ་ནས་རྒས།།
ཨ་ཅེ་གནས་ཡུལ་འགྲིམ་པའི་སྲོལ་དུ་ལྷགས།།
རིག་ལྡན་དུས་ཀྱི་ལང་ཚོ་རླུང་གིས་ཟོས།།
ཕ་གཞིས་གོར་མོའི་ལྟེ་བ་མུན་པས་བསྟིམས།།
ཨ་ཕས་བུ་མོ་བཙོང་བའི་ཐབས་ཤིག་གཉེར།།
ཨ་མས་ཁྱིམ་ཐབ་སྲུང་བའི་ལས་ཤིག་བསྐྱངས།།
མཐའ་བྲལ་ཁོམ་མེད་སྲིད་པའི་གྲོང་ཚོ་ནས།།
མི་ཚེ་རྨོངས་ཞེན་ལྟ་བའི་ཁུར་གྱིས་མནན།།
ནུ་བོའི་མདུན་ལམ་ཨ་ཕའི་བཀའ་ལ་ཐོགས།།
ཕ་ཡི་བཀའ་ལ་རྡོག་བརྫིས་བྱེད་མ་ཕོད།།
གཅུང་མོའི་ཕུགས་རེ་ཨ་མའི་འགྲམ་དུ་ལྷགས།།
བརྩེ་ཆེན་མ་ལོར་རེ་འདུན་སློང་མ་ནུས།།
རིགས་ཞེན་ལ་རྒྱའི་ཕུགས་བསམ་མ་སྨིན་ཏེ།།
འཇག་མའི་རྩྭ་རྐང་རྩོད་པའི་གཡུལ་དུ་ཞུགས།།
ཁྱོད་ཤི་ང་གསོན་རྒྱལ་ཕམ་འདུ་ལོང་ཁྲོད།།
རང་མགོ་རང་གིས་གཅོད་པས་ཨ་རཻ་གླེན།།
གསར་བྱུང་འཕྲུལ་གྱིས་གོ་ལ་བདག་ཏུ་བཟུང༌།།
རྙིང་ཞེན་ལྟ་བའི་ཚིལ་དྲེགས་བོད་ལ་འགོས།།
རྡུལ་ཕྲན་དུས་རབས་འབོད་པའི་སྤྱི་ཚོགས་ནང༌།།
སུག་བཞིའི་འགྲོས་དང་བསྡོངས་པ་འོས་སམ་ཅི།།
གཞན་རིགས་མཁའ་གྲུར་ཞུགས་ཏེ་ལྗོངས་རྒྱུར་ཆས།།
རང་རིགས་གཡག་རོག་ཞོན་ཏེ་རྫོང་མཁར་སྙེགས།།
ཤེས་རིག་འགྲན་རྩོད་འཕྱུར་བའི་ཚ་་རླབས་ཁྲོད།།
མདུན་སྐྱོད་བསམ་བློ་མེད་པ་ཅི་ཡིས་ལན།།
གནའ་བོའི་སྲོལ་ལས་བརྒལ་བར་ལྷ་ལ་དོགས།།
ལྷ་ཆེན་ཁྲོས་པའི་འཇིགས་པ་བཟློག་མི་ནུས།།
གསར་བའི་ལྟ་གྲུབ་སྒྲོག་པར་མི་ལ་དོགས།།
མི་ཁ་ནག་པོས་མགོ་བོ་ཚོད་མེད་བརྡུང༌།།
མཁའ་ཡི་ལྷ་ལ་མཐུ་ནུས་བཙན་པོ་ཞིག།
འོག་གི་ཀླུ་ལ་གནོད་འཚེ་དྲག་པོ་ཞིག།
བར་གྱི་འདྲེ་ལ་ཆོ་འཕྲུལ་ཐན་ཐུན་ཞིག།
གངས་ཅན་བོད་པ་ལྷ་འདྲེས་བདག་གིར་བཟུང༌།།
བོད་སྐྱོབ་ཁས་སུ་འཆེ་བའི་ལྷ་སྲུང་དག།
བདེ་མོའི་མལ་དུ་གཟིམ་པའི་ཁོམ་མེད་དེ།།
བོད་པའི་རླུང་རྟ་མར་ལ་འགྲིབ་བྱས་ཤིང༌།།
རྗེས་ལུས་འདམ་དུ་བྱིང་བ་བཟོད་ལགས་སམ།།
རྩོམ་ཁུངས། ངེད་དྲ་བ།