ཟླ་དགུ་བ་དང་ཞོར་གྱི་སྙན་ངག(སྙན་ཚོམ)
ཀ གླུ་འགོ་མ།
སྲིད་པའི་རྩེ་མོ་རུ་རླུང་གིས་བསྐྱོད་ཀྱིན་པ་དེ
ངའི་རླུང་རྟའམ་ཁྱོད་ཀྱི་དར་ཆ་གང་རུང་ཞིག་སྟེ
དཀར་བོ་ནས་ནག་པོ་དང དམར་བོ་ནས་སེར་བོའི་གོ་རིམ་དེ་ཡང
ངའི་དུས་གསུམ་གྱི་རྨི་ལམ་གང་རུང་ཞིག་གམ དེའི་ཁ་དོག་ཡིན་འདུག
སྐབས་རེར ང་རང་སྙིང་ཉེ་རུ་འབོད་པའི་ལྷ་མོ་སུ་ཞིག
སྤྲིན་དཀར་ལྟར འཇའ་ཚོན་བཞིན རེ་གསལ་རེ་མོག་གིས
སྟོན་ཟླ་དགུ་བ་འདིའི་སྙན་ངག་ངག་ཏུ་འཚངས་ཡོང་ན
བརྩེ་དུང་ཞེས་པའི་ཁྲག་གི་གླུ་སྐད་དེ་ཡང་བསྐྱར་དུ་གསོན་སྲིད་དམ
ནམ་མཁའི་ངོ་གདོང་ལྟ་བུའི ས་གཞིའི་རུས་རྐང་བཞིན་གྱི
མཚོ་མོའི་ཟུངས་ཁྲག་འཁོལ་འདྲའི སྙན་ངག་ཀྱེ
ང་རང་དམར་གསོད་གཏོང་བའི་ལག་དམར་དེ་སུ་ཡིན་ནམ
༢༠༠༨-༩—༠༩
ཁ། མར་མེ་རྐོང་བུ་གང༌།
-----དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།
མིག་ཟུང་ཆུང་ཆུང་དག
མར་མེ་རྐོང་བུ་གང་གི་འོད་ངོགས་སུ་འཚངས་ནས
མ་འོངས་པར རྒྱང་ཐག་ཉེ
མར་མེ་རྐོང་བུ་གང་བོ་དེ
བདག་གི་མིག་ཆུ་རུ་ཞུ་སོང
རེབ་ཐེངས་ཉེར་བཞིའི་རྗེས་སུ་ཡང
སུ་ཞིག་གི་ཚེ་འབར མར་མེ་རྐོང་བུ་གང
ཡང་ཡང དྲན་ཡོང
༢༠༠༨-༠༩-༠༩
ག ང་གཅིག་བུའི་བརྒྱད་པའི་བཅོ་ལྔ།
ཞོགས་པའི་ཉི་ཟེར་མིག་ལ་གནོད་པ་ཇི་བཞིན
དགོང་ཁའི་ཟླ་འོག་ཀྱང་མོག་མོག་ཅིག
ཁྱིམ་མཚེས་ཚང་གི་དགའ་དགོད་ཀྱི་ཚེར་མ
ངའི་སྙིང་ཁ་ནས་མེ་ཏོག་ཏུ་བཞད་ཐབས་མི་འདུག
རྨི་ལམ་མང་པའི་མཚན་ལམ་རིང་བོ་འདིར
ངའི་ཟླ་བ་སྒོར་མོར་སུ་ཞིག་གིས་སོ་འདྲད་བྱས་སོང
༢༠༠༨—༠༩-༡༤
ང་། ཚོགས་འདུ་ཞིག་གི་དངོས་བྲིས།
ཉི་མ་ནི་གདོན་གྱིས་བཟུང་བ་ལྟར
མེ་ལྕེ་ལྷབ་ལྷུབ་ཀྱིས་ང་རང་དམར་བསྲེག་བྱས་བྱུང
ལེགས་བཤད་ཀྱང་སྨྱོན་པའི་རལ་གྲི་བཞིན
ང་རང་གཅོད་གཏུབ་ཀྱི་ལས་ཀར་བྲེལ་འདུག
སྐབས་འདིར དཔའ་རྒོད་ཀྱི་སྐྱེ་བ་མེད་པའི
དཀོན་མཆོག་ཀྱང་རྒྱང་དུ་བཀྱེད་པའི་སྐབས་འདིར
མི་ངན་ཁྱི་འདྲ་བ་ཞིག་གིས་ང་ལ་སེན་འདྲད་བྱས་བྱུང
ང་ལ་ཟ་འཁྲུག་སློང་བྱེད་ཀྱི་སེན་འདྲད་དེ
གསར་བརྗེ་ལྟ་བུའི་ཐོ་བ་དང་སྟ་རེ་གང་ཡིན་ནམ
སྒྲིག་ཁྲིམས་ཀྱི་ཚེར་མའི་ལམ་ན
ངལ་དུབ་ཀྱིས་འཁུན་སྒྲ་མཐོ་བའི་མགྲོན་པོ་ང
རྨི་ལམ་ལྟ་བུའི་འཇའ་ཚོན་གང་ལ་འཇུ་འམ
སྙན་ངག་གི་མིག་ཆུ་ལྟ་བུའི་དེ་རིང་གི་ཉི་མ་ལགས
༢༠༠༨—༩—༡༩ལ།
ཅ། ལྷོ་རིར་འགོས་ནས་བོད་མིའི་ཁྲོམ་ལ་བལྟ་བ།
དུད་སྨུག་བན་བུན་གྱི་ཀློང་གི་ཟི་ལིང་ནི
མགོ་འཐོམ་པའི་ལུག་ཁྱུ་ཞིག་དང་འདྲ་བར
ངའི་མིག་གིས་འཚོ་ཐབས་མི་འདུག
རྐང་སྣམ་འདོམ་གྱི་ཤིག་བཙལ་བཙལ་བྱས་ཀྱང
ལྷ་སའི་ཟ་ཁང་མང་སའི་སྲང་ལམ་དེ
ངའི་མིག་གིས་འཚོ་ཐབས་མི་འདུག
སྨད་འཚོང་མའི་བོད་སྐད་དྭངས་མོས
སྙིང་ཁར་བཙག་ཤད་རྒྱག་ས་དེ
ངའི་མིག་གིས་འཚོ་ཐབས་མི་འདུག
གད་སྙིག་མང་པོའི་གསེང་གི
བོད་ཡིག་དཔེ་འཚོང་ཁང་དག
ངའི་མིག་གིས་འཚོ་ཐབས་མི་འདུག
༢༠༠༨—༩—༡༥
ཆ། ཆུང་མར་འགལ་བ།
རྨི་ལམ་ཚོད་ཚོད་ལ་འཇིག་ནས
གནམ་རྒན་མའི་མིག་ཆུ ཆུང་མའི་གདོང་ནས
བདག་གི་སེམས་ལ་འཁྱིལ
རོལ་དབྱངས་ཚོད་ཚོད་ལ་ཆད་སོང
གླུ་སྐད་ཀྱང་ཚོད་ཚོད་ལ་འགག་སོང
བུ་ཆུང་གི་ངུ་ངག་ཁོ་ན
ཚོད་ཚོད་ལ ཁང་སྟོང་གི་བྲག་ཅར་འཁོར་ནས
ངའི་སྙན་ངག་གི་སྙིང་རླུང་སྟོད་ལ་དབུས་བཙངས་ཡོང
༢༠༠༨—༩—༡༢
ཇ། ལྷ་སར་འགྲོ་དགོས་ཚེ།
པོ་ཏ་ལ་ནི་སྒོར་མོ་སློང་བྱེད་ཅིག་དང་འདྲ་བར
ང་ལ་ལག་པ་བསྲིངས་ནས་སྒུག་ཡོད
སྤྲང་བོ་སྤྲང་མོའི་ཚོགས་ཀྱིས་ཀྱང་ང་ལ་སྒུག་ཡོད
ལྕང་མའི་གླིང་ནས་འཛོམས་ཆད་བཏབ་ཆོག་པའི
བུ་མོ་དེ་ཚོའི་གཅིག་མངའ་རིས་ན་ཡོད
ཁོ་མོའི་བུ་མོས་ང་ལ་ཨ་ཕ་འབོད་མི་སྲིད་རུང
ལྷ་སར་མ་སླེབས་པའི་ཡར་སྔོན་དུ
ང་རང་ལྷ་སའི་ཆང་སེར་གྱིས་བཟི་བ་ལྟར
སེམས་པ་ཐང་ལ་བརྒྱབ་ནས་ཤི་ལ་འདུག
དྲང་མོར་ཤོད་དང ཐོད་པ་ཐང་ལ་བརྒྱབ་ཀྱང
ཟད་རྒྱུ་མེད་པའི་མགོ་ལྐོགས་སྐམ་པོ་དེ
ཐག་རིང་གི་འཇལ་བ་ང་ཡིན་ནམ
༢༠༠༨-༩-༡༩
ཉ། གལ་ཏེ གཅན་ཚ་ནས་མར་ཁུ་རྒྱལ་མཚན་ལ་ཐུག་བཏང་ན།
ངས་བུ་མོ་ཞིག་གི་མིག་ཆུ་ཁྱོར་བས་བཅུས་ནས
ཁྱོད་ལ་སེན་འདྲད་ལྟ་བུའི་ཟ་འཕྲུག་ཅིག་སློང་མི་སྲིད
ཡང་ན ན་ནིང་གི་སྨད་འཚོང་མ་དེ
ད་ལོར་ཡང་ཁྲིད་ཤོག་དང
སྙན་ངག་ཅིག་དང་འདྲ་བའི་ཉི་མ་འདི
ཝུ་ཆང་ཁམ་གང་གིས་བཟི་འགྲོ་བ་ཞིག་ག་ལ་ཡིན
༢༠༠༨—༩--༡༦
རྩོམ་ཁུངས། ངེད་དྲ་བ།