ང་ལ་ཅེར་ནས་སྡོད་མཁན་དེ།
དེ་རིང་བྱིས་པ་ཞིག་གིས།
ཅི་ཡང་མི་བཤད་པར།
ངའི་ཉེ་འགྲམ་ནས་ཡུན་རིང་བོར།
ང་ལ་ཅེར་ནས་བསྡད་རྗེས།
མིག་སྡང་ཕུར་ཚུགས་སུ་བལྟས་ནས་བུད་སོང༌།
དེའི་མིག་མདངས་ལས་ཁོར་ཡུག་ཅིག་གི་ནང་སྙིང་སྟོན་གྱིན་འདུག
ང་ལ་ངོ་ཤེས་ཤིག་ཡོད།
ཁོ་རང་ཤེས་ཡོན་ཅན་ཞིག་ཀྱང་ཡིན།
ཤེས་བྱ་འཛོམས་པོ་ཡོད་ཀྱང༌།
ཁོ་རང་ཕ་ཡུལ་ནས་མ་བསྡད།
མ་བསྡད་པར་གཞན་ཡུལ་ཅིག་ལ་བུད་སོང༌།
འགྲོ་ཁ་ད་དུང་ང་ལ། སེམས་ཆུང་བྱོས་ཟེར།
རང་ཡུལ་ན་ང་ལ་གྲོགས་པོ་མང༌།
ཁོ་ཚོས་བཤད་ན།
ཁོ་རང་ལ་ཁག་མི་འདུག
སུས་ཀྱང་ཡར་འཇོག་མི་བྱེད་པ་ནི།
ཡུལ་མི་ཚོས་ཁོ་ལ་མ་དོ་བས་རེད་ལ།
མ་དོ་ན་ཡར་འཇོག་བྱས་ཀྱང༌།
ང་ཚོའི་ངོ་ཚ་རེད།
དེ་བས་ཁོ་ཡར་འཇོག་བྱེད་པ་ལས།
ཁོ་ལ་ཁ་ཡ་མ་བྱས་ན་བཟང༌།
ཁ་ཡ་མ་བྱས་ན།ཁོ་རང་སྐྱིད་མི་སྲིད་ལ།
མ་སྐྱིད་ན།ཁོ་རང་གཞན་ཡུལ་དུ་བུད་འགྲོ
བུད་སོང་ན།ང་ཚོའི་མིག་ལ་མི་བདེ་བ་ཡང་མེད།
རྩོམ་ཁུངས། ངེད་དྲ་བ།