ངའི་ཕ་ཡུལ། ངག་མི་འཁྲོལ་བའི་ས་གཞི་སྐྱ་བོ།
ལྔ་བཅུའི་དུས་ཚིགས་རྒས་པའི་མྱ་ངམ་ཐང་དུ།།
བརྒྱད་ཅུའི་རྒན་པོའི་ཚེ་མཇུག་ལྷས་ལ་འཁྲེང་ཞིང་།།
ཉི་འོད་ཐོད་ལ་བསུ་བའི་གསོལ་འདེབས་ཁྲོད་ནས།།
ཞེན་ཆགས་ཕྱིར་མིག་གཉོམ་པོའི་ཆེམས་ཤིག་བཞག་ཡོད།།
ཕ་སའི་མཁའ་དབུགས་དྭངས་མོ་སྨག་གིས་སྒྲིབ་པས།།
བཙོན་མཁར་སྨུག་པོའི་ཕྱི་ནང་ཁྲག་གིས་སྦགས་ཤིང་།།
ཉི་ཐིག་དྲོད་དུ་སྒོམ་པའི་ཚེར་མའི་མལ་དུ།།
བདེན་དོན་རྡོག་པས་བརྫིས་པའི་ཞེ་འཁོན་ལྷག་ཡོད།།
རྩྭ་ལྗང་གཡུ་ཡི་གཞོངས་པ་འཕྲུལ་གྱིས་གཤགས་དུས།།
ས་བདག་ཧར་གྱིས་ཁྲོས་པའི་གཏམ་རྒྱུད་མ་བྱུང་།།
རི་བོའི་ནང་ཁྲོལ་བྲུས་པའི་སྐྱེལ་འདྲེན་ཁྲོད་ན།།
སྨྲ་ལྕེ་ཙག་གིས་བསྡམས་པའི་མནར་གཅོད་སྦྲུམ་ཡོད།།
སྐྱེ་ཁམས་སྲུང་སྐྱོབ་སྐད་ཀྱིས་རྨང་ནས་སྒུལ་བའི།།
མེས་པོའི་རིང་ནས་བརྒྱུད་པའི་རི་སུལ་འཚོ་བ།།
ཁྲ་ཆིལ་འུར་ཟིང་གྲོང་གི་མཐའ་ལ་ལྟེབས་དུས།།
འཚོ་གནས་སྲོག་དབུགས་ཆད་པའི་ཉེན་ཁ་སྦར་ཡོད།།
ཀ་ཁའི་རོལ་མོ་དཀྲོལ་བར་གཏིང་ནས་སུན་པས།།
ཨ་ནུའི་དྲིན་ལ་རྒོལ་བའི་གནས་ལུགས་མ་རྟོགས།།
ཚེ་སྲོག་སྲིད་མཐར་ཟད་པའི་འཇིག་ཉེན་བར་ན།།
ཕ་སྐད་གསེར་ནག་བོར་བའི་གྱོང་གུད་ཐེབས་ཡོད།།
རང་སྐྱ་སྒེར་གཤིས་ཚུགས་པའི་ལྷུ་ལག་འཐོར་བས།།
ཡོད་ཚད་གཞན་རྗེས་སྙེགས་པའི་ཨ་གསར་འཕྱུར་ཞིང་།།
རིགས་ཀྱི་ཁྱད་རྟགས་བརླག་པའི་བཤུལ་རྗེས་རེ་ན།།
གོམས་སྲོལ་ཡ་མ་བརླ་ཡི་ལུགས་ཤིག་དར་ཡོད།།
དུས་ཀྱི་འགན་འཁྲི་འདེགས་པའི་སྤོབས་སེམས་ཆུང་བས།།
བསམ་བློ་གང་དྲན་ལས་ཀྱི་གར་ལ་ཕྱོགས་སོང་།།
དུ་ཆང་རྒྱན་རྩེད་གཡེང་བའི་ཉིན་མཚན་བར་ན།།
རིག་གསར་ལང་ཚོ་རྒས་པའི་ཚོགས་ཤིག་ལྷག་ཡོད།།
སྟོད་ཀྱི་རི་བོའི་འགྱིང་ཉམས་འཕྲུལ་གྱིས་བཤིག་སོང་།།
སྨད་ཀྱི་མཚོ་མོའི་སྐ་རགས་མཚོན་གྱིས་བཅད་སོང་།།
ངག་མི་འཁྲོལ་བའི་ས་གཞི་སྐྱ་བོའི་མལ་ན།།
ང་ཡི་ཕ་ས་གོར་མོ་ཙག་གིས་བསྡམས་ཡོད།།
༢༠༠༩།༡།༡༢དགོང་མོར་བྲིས།
རྩོམ་ཁུངས། ངེད་དྲ་བ།