ཁྱི་སྐྱག་ལྟ་བུའི་གད་སྙིགས་འབའ་ཞིག
ཕར་ལ་བྱམས་སེམས་ཀྱིས་མིག་གིས་ཡང་ཡང་བལྟས་ཀྱང༌།
ཚུར་ལ་ཝ་མོ་ལྟར་ཡང་ཡང་ཕེ་འདེབས་པའི་ཁྱི་སྐྱག་ཚོ།
དེ་རིང་ནས། ཚང་མས་སེམས་ཆུང་བྱོས།
ངས་ཀྱང་སྤྱང་ཀི་ལྟ་བུའི་མི་བུ་དག་ལ་སེམས་པ་རྣམ་དག་གིས་སློབ་སྦྱོང་བྱེད་རྒྱུ་ཡིན།
ཁ་སང་དེ་རིང༌། བྱམས་དང་སྙིང་རྗེ་ནི་འཁོར་བའི་ཐར་ལམ་ཡིན་ཟེར་བའང་ལབ་རེད།
ལོ་ངོ་འདི་དག་གི་རིང་ལ། ངའི་མིག་གི་མཐོང་ཚད་དང༌། རྣ་བས་ཐོས་ཚུལ་ལྟར་ན།
འཚོ་བའི་ཟུར་རེ་རེའི་ནས་སྤྱང་ཚོགས་ལ་གཟི་མདངས་ཡག་པོ་རྒྱས་འདུག་པ་སྔ་མོ་ནས་ཤེས་ཡོད།
ཞིབ་ཏུ་བསམ་ན། ངའི་བསམ་བློ་འདི་ནོར་འཁྲུལ་ཞིག་གཏན་ནས་མིན་སྙམ།
འཇིག་རྟེན་ན། སྤྱང་ཀི་མི་འདོད་པའི་མི་གཅིག་ཀྱང་མེད་པ་འདྲ།
རྒྱུ་མཚན་ནི། ཁོ་ཚོར་སྤྱང་ཀི་ལྟ་བུའི་བློ་སྟོབས་དང་རིག་པ་དེའི་མེད་སོང་བས།
ད་གཟོད་ཡོད་ཚད་ཀྱིས་སྤྱང་ཚོགས་ཀྱི་འཚོ་བར་མི་འདོད་པའི་ཐ་སྙད་རོ་ལྟར་སྤུངས་པ་ཡིན།
སྤྱང་ཀི་ཡ་མེད་ཞིག་བྱེད་འདོད་པར། དུས་ད་ལྟ་སུས་ཀྱང་བསམ་བློ་བཅུ་གཉིས་གཏོང་བཞིན་པའི་སྐབས་འདིར།
ངས་ཀྱང༌། ལུག་ཁྱུ་མང་ས་དང༌། ལྷག་པར་དུ་ཚེ་སྲོག་མང་སར།
སྤོབས་སེམས་དང་འདོད་སྲེད་ཀྱིས་འགྲོ་རྒྱུར་སྟ་གོན་སྔ་མོ་ནས་བྱས་ཡོད།
རབ་ཡིན་ན། སྐད་ཆ་བརྗོད་ཤེས་ཤིང་བསམ་བློ་གཏོང་མི་ཤེས་པའི་ཚེ་སྲོག་མང་སར།
ང་ཐོན་སྲིད་པའི་ཡིད་ཆེས་དྲག་པོ་ཡོད།
མི་ལོ་སུམ་བཅུའི་རིང་ལ་ཚེ་སྲོག་ཐ་དག་ལ་རང་སྲོག་ལྟར་གཅེས་སྐྱོང་བྱས་ཀྱང༌།
དེ་རིང་གི་དུས་ད་ལྟ་ཕྱིར་མིག་དང་ཕྱིར་འདང་རེ་རྒྱབ་ན།
ང་ལ་ཅི་ཞིག་ཐོབ་ཡོད། ངོ་གདོང་ཟད་པོ་ཞིག་དང༌། སེམས་པ་རལ་པོ་ཞིག་ལས་ཅི་ཞིག་ལུས་ཡོད།
ཉི་ཟླ་རེ་བརྩེགས་ཀྱི་རིང་ལ། ལང་ཚོའི་མེ་ཏོག་དེའི་ལྷའི་མདུན་དུ་བཤམས་མྱོང་ལ།
སད་སེར་དང་ཐན་པས་གཙེ་མྱོང་བའི་དུས་ད་ལྟ།
མེ་ཏོག་གི་བཀྲག་མདངས་དང་བྲོ་བ་མཉམ་གཅིག་ཏུ་ཡལ་སོང་བའི་དུས་དེ་རིང༌།
སེམས་ལྡན་གྱི་ཚེ་སྲོག་གང་ཞིག་གིས་ངའི་ཚེ་སྲོག་ལ་ཐེ་གཏོགས་བྱས་མྱོང༌།
འཇིག་རྟེན་ན། དཀོན་མཆོག་ཟེར་བ་ངེས་པར་གནས་སྲིད་ན།
ཉམ་ཆུང་རྣམས་ཡུན་ནས་ཡུན་དུ་ཉམ་ཆུང་བར་འགྲོ་ཞིང༌།
ཡོག་ཆུང་རྣམས་ལ་ཡིན་ནས་ཡུན་དུ་རླུང་རྟ་རྒྱས་དོན་ཅི།
དཀར་ནག་གོ་ལྡོག་གི་མི་ཡུལ་འདི་ན།
གཞུང་དྲང་དང༌། རྣམ་དཀར། དཀའ་ཐུབ། རྒྱུ་འབྲས་ཟེར་བའི་ཐ་སྙད་དག
དོན་དམ་པ་སུ་ཞིག་གིས་པུར་སྒམ་དུ་བཅུག་ཟིན།
དགེ་ཆོས། རིག་གྲོལ། ཡང་ན་རང་གྲོལ། ཡང་ན་བདེ་གྲོལ།
ཀྱེ་མ། སྤྱང་ཚོགས་ཀྱིས་གྲུབ་པའི་མི་ཡུལ་འདིར།
རང་ཉིད་ཉམ་ཆུང་བའི་ལུ་གུ་ཞིག་བྱེད་པ་ལས།
ཐོག་མ་ནས། སྤྱང་ཕྲུག་གི་རྒྱུད་དུ་སྐྱེས་ཡོད་ན་ཅི་མ་རུང༌།
སྤྱང་ཀི སྤྱང་མོ། སྤྱང་ཕྲུག
ལྟོས་དང༌། ནམ་ཡང་སྣུམ་ཤིག་ཤིག་གི་མཆུ་ཏོ།
བརྗིད་ཆགས་པའི་གོམ་འགྲོས། ད་དུང་ཉེ་འཁོར་ན།
ཚེ་སྲོག་མར་མེ་བཞིན་གཉོམ་ཆུང་བའི་མི་བུ་དག
མགོ་བོ་དུད་ཅིང་བརླ་སུག་འདར་བའི་སུག་གཉིས་དང་སུག་བཞི་དག
འདི་ལྟ་བུའི་སྤྱང་ཚོགས་ཀྱི་འཚོ་བར་ཡིད་སྨོན་མི་འཆོར་བའི་སེམས་ལྡན་སུ།
དེ་རིང་ནས། སྤྱང་ཕྲུག་གི་རྒྱུད་དུ་མ་སྐྱེས་པའི་ངས་ཀྱང༌།
སྤྱང་པག་གྱོན་ཏེ་མི་ཡུལ་ལ་རྫིག་ཉམས་སྟོན་པར་ཆས་འགྲོ
དེ་བས། ཉམ་ཆུང་གི་ཚེ་སྲོག་དག་གིས་སེམས་ཆུང་བྱོས།
ང་ལ་སྙིང་རྗེ་དང་མི་གཤིས་མེད་ཀི་མ་ཟེར།
ཡོད་ཚད་ཆོས་ཉིད་ལྟ་བུའི་ལམ་འདིར་ཞུགས་ཟིན་པས།
ང་ཚོའི་མེས་པོའི་རྗེས་ལུས་ཀྱི་བསམ་བློ་དེའི་གཞུང་དྲང་གིས་སྐྱོང་ནས།
རང་ཉིད་ཀྱི་ཚེ་སྲོག་འདི་གཞན་དག་གི་རྩེད་ཆས་སུ་ཅིས་ཀྱང་བསྒྱུར་མི་འདོད།
ད་ལྟ་དངོས་ནས། ཉམ་ཆུང་ནུས་མེད། སྙིང་ཆུང་སྡར་མའི་མི་གཞི་ལ།
ཕྱི་ནང་མེད་པར་བཅོས་བསྒྱུར་བྱེད་རན་འདུག་ཨང༌།
༢༠༠༨ལོའི་ཟླ་༩པའི་ཚེས་༡༩ཉིན། དཔལ་དགེ་སློབ་ཆུང་དུ།
རྩོམ་ཁུངས། ངེད་དྲ་བ།