ངས་ཆུ་འཚོལ་བཞིན་ཡོད།
ཐང་ཆད་པའི་གཤོག་ཟུང་གི་རྡེབ་སྟངས་མཐོང་ན
ཁྱོད་ཀྱང་སྐོམ་གདུང་གང་ཞིག་གིས་མནར་བ་རྟོགས་ཐུབ
_______<<ཁྱོད་ཀྱིས་ཀྱང་ཆུ་འཚོལ་བ་ཡིན་ནམ>>ལས་བཤུས།
༡.
འཐོབ་བྱ་ཞིག་གི་ཆེད་དུ ངས་ནམ་མཁའི་བྲང་གཞུང་གཤགས་ནས
ས་ཆེན་ལ་འཚོལ་་མྱུལ་བྱས་ཀྱང
དོན་དམ་དུ གཙང་བོ་མེད་པའི་གནམ་སའི་དཀྱིལ་འཁོར་དུ
ཁོ་བོ་ཐང་ཆད་སོང ཐང་ཆད་སོང་བས
གཤོག་ཟུང་བརྐྱངས་ཚུལ་འདིས
མི་ཡུལ་གྱི་ཁྱོད་ལ་བརྩེ་སེམས་གློན་བཞིན་པ་ཚོར་ཐུབ་མོད
ཁྱོད་ཀྱིས ས་ཆེན་གྱི་མངལ་སྒོ་ལ་མེ་ཁ་གསོས་འདུག་པས
ཁོ་བོ ཉམ་ཆུང་གི་ཁོ་བོ
འགག་ལམ་གང་ཞིག་གི་བརྒྱུད་ལམ་ནས་འཕུར་གྱིན་པ་མཐོང་བྱུང་ངམ
༢.
ས་ཆེན་མེ་བཞིན་འབར་གྱིན་འདུག
ནགས་ཚལ་མེ་བཞིན་འབར་གྱིན་འདུག
རྒྱ་མཚོ་མེ་བཞིན་འབར་གྱིན་འདུག
རྩྭ་ཐང་དང་རི་ལུང་སོགས་ཀྱང་མེ་བཞིན་འབར་གྱིན་འདུག
དོན་དུ སྨྲེ་ངག་གི་ངུ་འབོད་བྱེད་ཀྱིན་པའི་འགྲོ་བ་དག
མེ་ཆེན་པའི་མངལ་སྒོ་རུ་ལུས་འདུག་ནའང
ས་ཆེན་ལ་མེ་ཁ་གསོ་མཁན་ཀྱང་ཁོ་ཚོ་ཡིན་པས
སྨྲེ་ངག་འདི སུ་ཞིག་ལ་བཏོན་པའི་སྡུག་སྨྲེ་ཡིན་ཨང
སྙིང་ཉེ་བའི་རྒོད་པོས ད་དུང་ནམ་འཕངས་གཏོད་དགོས
༣ .
སྐོམ་གདུང་གིས་མྱོས་པའི་ས་གཞི་ཆེན་པོ
སྐོམ་གདུང་གིས་མནར་བའི་རེ་བ་གསོན་པོ
སྐོམ་གདུང་གིས་ལུས་པའི་དུས་ཚོད་མང་བོ
སྐོམ་གདུང་གིས་ཤི་བའི་རི་དྭགས་སྣ་མང
་་་་་་་་་་ ་་་་་་་་་་ ་་་་་་་་་་་
༤.
ས་ཆེན་པའི་མངལ་སྒོ་རུ བདག་གིས
ཅི་ཞིག་མཐོང་འདོད་ཀྱི་བདག་གིས
བཙལ་ཀྱང་རྙེད་འོངས་པ མི་སྡུག་པའི་ཁ་དོག་ཡིན་པས
ཆུ གནས་མལ་གང་ཞིག་ན་ཏིང་འཛིན་སྒོམ་བཞིན
ལྷིང་འཇགས་དང་ཁེར་རྐྱང་གིས་ལུས་འདུག་ཨང
མཐའ་མཇུག་གི་ཐ་སྙད་མང་བོ་ལ་སེམས་པ་གློན་གྱིན
མཇུག་མཐའི་གཤོག་ཟུང་རྡེབ་ཀྱིན་པ་ང་གཅིག་པུ་མིན་ཀྱང
མཐའ་མཇུག་གི་ཁོར་ཡུག་ལ་མིག་ཆུ་འདོན་མཁན་དེ་ང་གཅིག་པུ་ཡིན་པས
འགྲོ་བ་མི་ཡཱ—————
འབག་བཙོག་གི་གསོལ་སྟོན་གཤམས་པའི་མིས
འདོད་པ་ལྟར གནམ་ས་སློག་བཞིན་འདུག་པས
རང་བྱུང་ཁམས ཁྱོད་ཚོར་མཁོ་ཆད་སོང་ལ
རང་བྱང་ཁམས ཁྱོད་ཚོ་དང་ཁ་གྱེས་དགོས་སོང
༥.
ཡོད་ཚད ཧམ་སེམས་དེ་མེ་བཞིན་འབར་བྱུང་བས་ཡིན་ལ
ཡོད་ཚད རང་ཉིད་ལ་གཅེས་སྤྲས་མ་བྱེད་པས་རེད
༦
སོས་དཀའ་བའི་རང་གི་རྨ་ཁར་གཞིགས་ན
རང་ཉིད་ཀྱི་ཁེ་ཕན་ཁོ་ནས འགྲོ་བ་མི་གཅེར་བུ་ཕུདདེ
སང་ཉིན་དེ་རང་བྱུང་དང་མཉམ་དུ་འཇིགས་པའི་འཆི་བ་ཡིན་པའང་མ་ཚོར
འཇིགས་སྣང་རེ་བཞིན་སྦྱིན་པའི་ཚ་བའི་དུས་ཚོད་འདིར
ངའི་རི་ཆུ་རྨས་ཡོད་སྐད ངའི་གནམ་ས་རྨས་ཡོད་སྐད
ཁྱོད་ཀྱི་གཤིས་ཀ་ནགས་ལ་གཏད་པའི་སྟ་རེ་བཞིན་རྩུབ་ཅིང
ཁྱོད་ཀྱི་སེམས་པ་སྐལ་བ་བསྲེགས་པའི་མེ་དཔུང་བཞིན་ཚ་བས
ནད་ཡམས་དང་རླུང་འཚིབ་ལྡང་བའི་ནམ་མཁའི་དགུ་ཚིགས་དེ
ཁོ་བོའི་གཤོག་ཟུང་བརྐྱངས་བའི་མཁའ་དབྱིངས་མིན་ལ
ཤ་འོད་དང་ཁྱི་སྤྱང་བརྒྱུད་སའི་ས་གཞི་དེ
ཁོ་བོའི་གཤོག་པ་བསྐུམ་སའི་གནས་མལ་རུ་མི་འོང་བས
ང་ཐང་ཆད་སོང རང་བྱུང་ལ་སེམས་པ་གློན་གྱིན་འགྲོ་བ་མི་ལ་ཐང་ཆད་སོང
༧.
འོན་ཀྱང ང་འདི་ལྟར་འཆི་མི་རུང འཆི་ཡང་མི་སྲིད
༨.
མི་ཚོགས་ངུ་བཞིན་འདུག་པས སྤྱི་ཚོགས་ངུ་བཞིན་འདུག་པས
ཁོ་བོས མིག་ཆུ་དེ་བརྩེ་བ་ཆེན་པོའི་སེམས་པ་རུ་འགྱུར་བའི་སྨོན་ལམ་བཏབ
འོ མིག་ཆུ
མིག་ཆུ་འདིས་ངའི་རྨ་ཁ་སོས་པར་སྨོན
མིག་ཆུ་འདིས་ངའི་སེམས་པ་རྟོགས་པར་སྨོན
མིག་ཆུ་འདིས་ངའི་སྐོམ་པ་སེལ་བར་སྨོན
མིག་ཆུ་འདིས་ང་བརྩེ་བ་སྦྱིན་པར་སྨོན
2008.7པར་བྲིས།
རྩོམ་ཁུངས། ངེད་དྲ་བ།