ཕ་ཡུལ་གྱི་ཉིན་གཅིག(སྙན་ཚོམ)
___ཡང་ན་ངོས་མི་འདྲ་བའི་ཚོར་ལམ་རིང་མོ།
ངོས་དང་བོ། ཞོགས་པའི་ཚོར་སྣང༌།
མི་སུ་ལའང་འདི་ལྟ་བུའི་ཚོར་བ་ཡོད་སྲིད མི་སུ་ལའང་འདི་ལྟ་བུའི་ཞོགས་པ་ཡོད་སྲིད
གཉིད་ལས་སད་དུས་སུ འཇིག་རྟེན་འདིར
སྟོང་སང་སང རང་ཉིད་ཀྱི་སྣང་བ་ལ
ཡོད་ཚད་རང་ཉིད་ནས་མགོ་བརྩོམ་དགོས་པའི་ཚོར་བ་འབྱུང་སྲིད
ཁ་སང་གི་ཡོད་ཚད་རྨི་ལམ་ལ་བཅོལ་ནས
དེ་རིང་གི་འབྱུང་འགྱུར་དེ་ཡང
རྨི་ལམ་བཞིན་ཁ་སང་ལྟ་བུའི་རྙིང་ཧྲུལ་གྱི་བསམ་བློས་བཅིངས
གཉིད་ལས་སད་དུས་སུ ཁྱོད་ལ་ཁུ་སིམ་མེར
ཅི་ཞིག་བོར་ཟིན་པ་དང་ཅི་ཞིག་བརྗེད་སོང་བའི་ཚོར་བ་སྐྱེ་སྲིད
འདི་ལྟ་བུའི་སྐབས་སུ
མིག་མདུན་གྱི་བྱ་དངོས་གང་ཞིག་ལ་འབྲེལ་ཞོར
བསམ་གཞིག་སྣ་ཚོགས་ཀྱི་སྒོ་མོ་ཡང་ཕྱེ་སྲིད
རང་དབང་གིས་གཉིད་ལས་སད་དུས་སུ
ཁྱོད་ཀྱི་སྣང་བ་ལ རང་ཉིད་གཅིག་བུ་འཇིག་རྟེན་འདིར་ལུས་ཡོད་པའི་ཚོར་བ་བྱུང་བས
སེམས་པ་དེ་ཡང་ཁེར་རྐྱང་དུ་ལུས་ཏེ
རབ་རིབ་ངང ཅིའི་ཕྱིར.......ཅིའི་ཕྱིར......
རང་ཉིད་སད་དགོས་པ་ཚོར་མ་ཐུབ ཚོར་ཡང་མི་སྲིད
ངོས་གཉིས་པ། ཉི་འོད་ཀློང་གི་ཕ་ཡུལ།
འོད་སྣང་ཞིག་འཁྱུག་ཙམ་གྱིས་མངོན་བྱུང
ཐོག་མ་ནས་ཁྱོད་ཀྱི་ཁོར་ཡུག་ལ་མངོན་བྱུང
འགུལ་ཙམ་འགུལ་ཙམ་གྱིས འོད་སྣང་དེས གཞི་ནས
དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་ངའི་ཁོར་ཡུག་དཀྲོགས་བྱུང
འོད་སྣང་ཞིག་འཁྱུག་ཙམ་གྱིས་མངོན་བྱུང
ཐོག་མ་ནས་ངའི་ཕ་ཡུལ་ལ་མངོན་བྱུང
ཉི་འོད་འཕྲོས་སའི་ངའི་ས་གཞི་རུ སད་སྔ་བའི་རྣམ་ཤེམ་མང་ནའང
འདས་སྔ་བའི་འབྲོང་རྒོད་ཀྱང་མང་བས
ཉི་མའི་རང་དབང་དབེན་པའི་སྤྲིན་ནག་གི་ཚོགས་སུ
བསམ་གཞིགས་འཁྱོག་པོ་དག
སྔོ་ལྷོག་ལྷོག་གི་དུ་བ་བཞིན་ཁོར་ཡུག་འདིར་འཁྱིལ
ཡིན་ནའང དུས་སྐབས་འདིར
དུ་སྤྲིན་གྱི་བར་ཁྱམས་ན་མངོན་པའི་ཉི་འོད་དེས
( ཚོར་བ་གཞན་ཞིག་གི་བསམ་གཞིག་ལས)
ངའི་ཕ་ཡུལ ངའི་ཕ་ཡུལ་གྱི་སེམས་པ་དཀྲོགས་བྱུང
ངོས་གསུམ་པ། ཕ་ཡུལ་གྱི་རེ་སྒུག
རྨ་འགྲམ་ན་གནས་པའི་ངའི་ཕ་ཡུལ་གྱིས ཆུ་རྒྱུན་རིང་མོ་ཞིག་གི་འགྲམ་ངོགས་སུ
འབྲུ་རིགས་ཀྱི་སྙེ་མ་ཁུར་བའི་སྟོན་མཇུག་ལ་རེ་བ་བྱེད་ཀྱིན
དྲོད་འཇམ་གྱི་ཉི་འོད་ལས་དགོད་སྒྲ་བཏུས་ཤིང
ཐེ་ཚོམ་གྱི་ཚོར་བ་ལས་སེམས་པ་ཡང་སྡུག་མྱོང
ཞིང་གྲོང་ཡིན་པའི་ངའི་ཕ་ཡུལ་གྱིས
ནམ་ཡང་རེ་འབྲས་ཀྱི་ལོ་ཏོག་ལ་སྒུག་བཞིན
ཟུར་ཞིག་ནས་ཅི་ཡང་ཚོར་གྱིན་མེད་ལ
ཟུར་ཞིག་ནས་ཡོད་ཚད་ལ་རྙིང་ཧྲུལ་གྱིས་གོས་མོད
ཟུར་ཞིག་ནས་ཁྱོད་ཀྱི་ཡོད་ཚད་ཀྱང་རྟོགས་ཡོད
འགུལ་མ་ཐུབ་པའི་ངའི་ཕ་ཡུལ་འདིས་ཀྱང
ད་དུང རྒྱང་རིང་བའི་སང་ཉིན་དེ་གླེང་བཞིན
རེ་སྒུག་བྱེད་ཀྱིན་པ་ནི
___________དེ་རིང་ལྟ་བུའི་སང་ཉིན་ཡིན་ལ
མནོ་བསམ་གཏོང་བཞིན་པའང
___________དེ་རིང་ལྟ་བུའི་སང་ཡིན་ནོ
ངོས་བཞི་བ། ཞིང་བར་གྱི་དམངས་གཞས།
རི་གསུམ་གྱི་རྩེ་ནས་རླུང་ལ་སྐུར་མྱོང་བའི་གཞས་དེ
ལུང་གསུམ་གྱི་མདོ་ནས་ཆུ་ལ་བཏང་མྱོང་བའི་གཞས་དེ*
ཡུལ་མི་ཚོས་ཡང་བསྐྱར་གྱེར་བྱུང
ལོ་ཏོག་གི་གཞུང་རྟའི་འཛུམ་མདངས་ཁྲོད་ནས་གྱེར་བྱུང
ཀེ་ཚེ་མེ་ཏོག་གི་དྲི་ངད་ཀློང་ནས་གྱེར་བྱུང
ནམ་རྒྱུན དུས་སྐབས་འདིར ཉི་འོད་བཞིན་དྲོ་བའི་དམངས་གཞས་དེ
བསིལ་རླུང་བཞིན་ཡང་བའི་དམངས་གཞས་དེ
རི་ཚོགས་ཀྱི་ཕག་ཏུ་ཡང་ཐོས་ཐུབ་ལ རྒྱང་རིང་རྒྱང་རིང་ནས་ཀྱང་ཐོས་ཐུབ
ཏག་ཏག་དུས་སྐབས་འདིར དམངས་གཞས་དེ
ཕ་ཡུལ་གྱི་ཞིང་བར་ནས་གྲགས་བྱང
ངོས་ལྔ་བ། གློ་བུར་བ་དང་དྲག་ཆར།
སྔོ་སིང་སིང་གི་མཁའ་དབྱིངས་དེ གློ་བུར གློ་བུར་ལ་འགྱུར་སོང
གློ་བུར་བ་དེས གླང་རྫི་དང་ར་རྫི
ད་དུང་ཞིང་བར་ན་གནས་པའི་མགོ་དཀྲིས་དམར་པོ་ཅན་ཚོའི་དྭངས་གཙང་གི་སེམས་པ་དེ་ཡང
གློ་བུར གློ་བུར་ལ་བསྒྱུར་སོང
གློ་བུར་བ་ཞིག་གིས ཕ་ཡུལ་གྱི་བགྲེས་པོ་ཚོས
སྟོང་སིང་སིང་གི་སྒྲ་ཆེན་པོ་དེ་གླེང་བཞིན
མ་ཎི་ཁང་བསྐོར་ཏེ གློ་བུར་བ་དེས་ནག་ཉེས་གླེང་བྱུང
དྲག་ཆར་གློ་བུར་བ་ཞིག་གི་རྗེས་སུ
ཞིང་གྲོང་ཡིན་པའི་ངའི་ཕ་ཡུལ་དུ
ཤྭ་འོད་མེད་ལ འབྲུག་སྒྲ་ཡང་མེད་མོད
འུར་ཟིང་དེ་སྔར་ནས་ཁྱབ་ཟིན་པས
འདམ་རྫོབ་ཀྱི་ཁོར་ཡུག་ནས
བུད་མེད་ཚོས་གླེང་བཞིན་པ་ནི་མྱུ་གུའི་ཚེ་སྲོག་ཡིན་ལ
བགྲེས་པོ་ཚོས་གླེང་བཞིན་པའང་ལྷ་སྲིན་སྡེ་བརྒྱད་རེད
ངོས་དྲུག་པ། བར་སྐབས་དེའི་ཚོར་སྣང༌།
ཡུལ་མི་ཚོས གནའ་སྔ་མོ་ནས
འཇིག་རྟེན་འདིར་འཚོ་གནས་བཟུང་མེད་ནའང
ལོ་ཏོག་སྔོན་པོ་དེའི་ཚེ་སྲོག
ཁྱོད་ཀྱི་ཡ་ཐོད་ན་གནས་པའི་ལྷ་སྲིན་གྱི་ཅིའི་ཕྱིར་ཡིན་སྲིད་ཨང
ལྷ་སྲིན་ལ་འཆར་གཞི་དང་ཕུགས་འདུན་ཡོད་སྲིད་ཀྱང
སྡེ་བརྒྱད་ཀྱི་འཚོ་བའི་གཞིས་ཀ་དེ
གཉེན་ཉེ་ཚོའི་ལོ་ཏོག་གི་ཚེ་སྲོག་ཡིན་མི་སྲིད་ཨང
བདེན་ཏེ ཡིན་ཀྱང་མི་སྲིད
ཕ་ཡུལ་གྱི་སེམས་ན་གཉེར་བའི་སྒྲ་ཆེན་པོ་དེས
ཡུལ་མི་ཚོའི་སེམས་ལ་རྨ་ཁ་བཟོས་ཤིང
ལྷ་སྲིན་དང་བགྲེས་པོ་ཚོའི་བར་ལ་རྩོད་ཁ་བསླངས་ཡོད་ངེས་པས
དུས་ད་ལྟ ཤུལ་དུ་ལུས་ཡོད་པ་ནི
བསམ་གཞིགས་འཁྱམས་པོ་ཞིག་དང
རྙིང་ཧྲུལ་གྱིས་གོས་པའི་ནག་ཉེས་ཤིག་ལས་ཅི་ཡང་མེད་པ་འདྲ
ངོས་བདུན་པ། ཞིང་གྲོང་གི་ས་སྲོད།
ས་སྲོད་འདིར གླུ་སྒྲ་མེད་ལ
རི་བོའི་ཚོགས་ཀྱང་སྔར་བཞིན་གཡོ་འགུལ་མེད
དྲི་མ་རིང་བོ་ཞིག་གིས་མུན་མཐའ་བཟུང་ནས་ཁུ་སིམ་པའི་གྲོང་ཚོ་འདི་སྦས་དུས
སྤྱིར་བཏང་གི་དྲན་པ་ཞིག
བསིལ་རླུང་དང་ལྷན་དུ་ཁྱོད་ཀྱི་སྙིང་ཁ་ནས་བསླེབས་བྱུང
རྒྱང་རིང་ནས་ལྷུང་བའི་སྐར་མ་དག་ཀྱང རི་ཚོགས་ཀྱི་ཕག་ཏུ་འགུལ་བྱུང
ས་སྲོད་འདིར དོན་དངོས་ཐོག
གླང་རྒན་དང་ར་མ་ཁ་ཤས
དབེན་ཐིང་ཐིང་གིས་ཉལ་ཞིང དབེན་ཐིང་ཐིང་གིས་གནས
ཡུལ་མི་ཚོས་ཀྱང་ས་སྲོད་འདིར
འདུ་འཛི་དབེན་པའི་སྡེ་གྲོང་ལ་མནོ་བསམ་ལྟར་གྱི་དུ་བ་འཁྱུག་པོ་ཞིག་
འཕྱུར་འགོ་རྩོམ་དུས
སྡོང་རྒན་གྱི་འོག་ན་ལུས་པའི་ཁེར་རྐྱང་ལའང
ངེས་མེད་ཀྱི་མནོ་བསམ་སྐྱ་བོ་ཞིག་སྦྱིན་བྱུང
ས་སྲོད་འདིར ཅི་ཡང་དབེན་པའི་ས་སྲོད་འདིར
...... ....... ......
ངོས་བརྒྱད་པ། ཕ་ཡུལ་གྱི་ཆོས་ཉིད།
ལོ་ཟླའི་སྒལ་ཚིགས་སུ ཕ་ཡུལ མནར་གཅོད་ཀྱི་སྙིང་ཁ་ནས་འདར
ཟུངས་ཁྲག་དང་དྲན་པ་མང་བོ ཆེས་མཐའ་མཇུག་གི་སྡེ་གྲོང་འདིར་རྒས
ང་དང་ཁྲག་རྒྱུན་གཅིག་པའི་སྡེ་གྲོང་འདིར་རྒས
........ .........
ནམ་ཡང་སྐྱོ་གདུང་གི་དུས་ཚིགས་ཧྲིལ་བོ
སུ་ཞིག་གི་བརྙས་བཅོས་ཁྲོད་དུ མཇུག་མཐའི་ངོ་བོ་ལ་མཐུན་ཨང
བཤུལ་ལམ་གྱི་བཀྲེས་སྐོམ་རིང་མོ་དེ་ཡང
རང་དབང་དང་རང་ཁྱིམ་གྱི་དྲོད་ཁོལ་ཡལ་བའི་གཞིས་ཀ་འདིར
ཁྱོད་ཀྱི་ཚེ་སྲོག་དང་ཁྱོད་ཀྱི་འཆི་བ་རེད
ཁྱོད་ཀྱི་ལས་དབང་དང་ཁྱོད་ཀྱི་ཆོས་ཉིད་རེད
འདི་ལྟ་བུའི་སྡུག་ཡུས་རིང་མོ་དེ འདི་ལྟ་བུའི་མནར་གཅོད་ལྕི་མོ་དེ
ཕ་ཡུལ་གྱི་ངོས་ཐད་ནས ཁྱོད་ཀྱི་ཡོད་ཚད་རེད་ཨང
ངོས་དགུ་བ། མཚན་མོ་དང་ཞིང་གྲོང་གི་ཕ་ཡུལ།
མཚན་མོ ང་སྔར་བཞིན་ཞིང་གྲོང་ན་ལུས་ཡོད
རྒྱ་མཁར་ལྟ་བུའི་མཁར་ནང་དུ་ལུས་ཡོད
གསལ་ལ་མི་གསལ་བའི་རྒྱུ་སྐར་གང་མང་ཞིག
ལྷིང་འཇགས་ཀྱི་སྲང་ལམ་མྱུལ་ནས
མཚན་མོའི་ཁོང་གསེང་ནས་ཀེམ་ཀེམ་གཡོ་དུས་སུ
ངེས་མེད་དུ བདག་ཕ་ཡུལ་གྱི་སྲང་ལམ་ཞིག་ལས
མཚན་གཞས་ལྟ་བུའི་སྐྱོ་གཞས་ཤིག་གྱེར་གྱིན་སོང
རི་ཚོགས་ཀྱི་གསེབ་ན་གནས་པའི་ཕ་ཡུལ་འདི
འཇམ་ཅག་གེར ཅི་ཞིག་ལ་མནོ་བསམ་གཏོང་དུས་སུ
སྡེ་འདབས་ཀྱི་སྒོ་ཁྱི་འཁྱམས་པོ་འགས
ངའི་ཕ་ཡུལ་གྱི་ལྷིང་འཇགས་དཀྲོགས་སོང
ངའི་ཕ་ཡུལ་གྱི་རྨི་ལམ་དཀྲོགས་སོང
ཁེར་རྐྱང་ངའི་མནོ་བསམ་ཡང་དཀྲོགས་བྱུང
ཏག་ཏག དུས་སྐབས་འདིར
ངས འཆར་ཡན་ཀྱི་སྙན་ཚིག་འགའ་གྱེར་བཞིན
ལྷིང་འཇགས་ཀྱི་མཚན་མོའི་སྡེ་གྲོང་འདི་དཀྲོགས་དུས་སུ
ཇེ་དོག་ཏུ་འགྲོ་བཞིན་པའི་ཞིང་གྲོང་གི་ཕ་ཡུལ་ལ
བརྗེད་དཀའ་བའི་རྟོགས་བཏགས་ཤིག་ཡོད་པ་ད་གཟོད་ཚོར་བྱུང
(རྟོགས་དཀའ་བའི་མཚན་མོའི་ནང་རོལ་དུ་ཚོར་བྱུང)
ངོས་བཅུ་བ། ཚོར་བ་རབ་རིབ་ཀྱི་མཇུག་བྱང༌།
འདི་ལྟར ཉིན་གང་བོར་མནོ་བསམ་གྱི་ཀློང་ལ་ཞུགས་རྗེས
ད་བཟོད རང་ཉིད་ལ་དྲི་བ་མང་བོ་ཞིག་ཐོན་བྱུང
མ་སྨིན་པའི་ལོ་ཏོག་དང་མགོ་ལྕོག་ལྡེམ་བཞིན་པའི་ང་ཡི་སྙེ་མ་འདི་དག་ལ
རི་རྒྱུད་འགའི་རྩེ་རུ་རྒྱང་ལྟ་བྱེད་ཐེངས་རེར
གསང་བ་ལྟ་བུའི་གཞན་དབང་གི་བསླད་སྐྱོན་ཐེབས་སོང
བཙན་སྤྱོད་ལྟ་བུའི་རང་དབང་ལ་རྨས་སྐྱོན་ཕོག་སོང
ཅི་ཡིན་ནམ ཅི་ཡིན་ནམ ཅི་ཡིན་ནམ
དེ་ལྟར་ངས་ཡུན་རིང་ལ་རེ་ཞིང
ངས་ཡུན་རིང་ལ་སྒུག་པའི་ཟླ་བའི་ཕྱོགས་སུ་པུས་མོ་བཙུགས
ཕྱི་གསལ་ནང་གསལ་གྱི་བྲན་གཡོག་དེའི་ཕྱིར་དུ
ཕྱི་གཙང་ནང་གཙང་གི་སེམས་པ་དེའི་ཕྱིར་དུ
ཕྱི་མཛེས་ནང་མཛེས་ཀྱི་ལོ་ཏོག་དེའི་ཕྱིར་དུ
ངས པུས་མོ་བཙུགས་ཏེ་གུས་ཕྱག་འབུལ་བ་ཡིན
ངས པུས་མོ་བཙུགས་ཏེ་ཞུ་བ་བྱས་པ་ལགས
...... ........ ........
ཉིན་གང་བོར སྙན་ངག་ལྟ་བུའི་ཚོར་བ་འདི་ཀློག་ཞོར
སུ་ཞིག་གི་དོན་དུ
ང་ལ་འཁང་ར་ཅི་ཡང་མེད་པར ང་ལ་རྟེན་ས་ཅི་ཡང་མེད་པར
འདི་ལྟ་བུའི་ཉིན་གང་བོར ངས་ཅི་ཡང་མ་ཐོས་ལ་ང་ཅི་ཡང་མ་བྱུང
དབེན་ཐིང་ཐིང་གི་གྲོང་ཚོ་འདི་ཡང
རང་ཉིད་ལྟ་བུའི་མཐའ་མཇུག་གི་དམིགས་ཡུལ་འཚོལ་བཞིན
རྨི་ལམ་ལས་རྙེད་པའི་མངོན་སུམ་གསོན་པོ་དེར་རེ་བ་ཆེ་ཨང
2007。5。8--8ཉིན་ཕ་ཡུལ་དུ་བྲིས།
མཆན:
*ན་གཞོན་སྙན་ངག་པ་ཁྲི་སེམས་དཔའི་སྙན་ངག་ཅིག
རྩོམ་ཁུངས། ངེད་དྲ་བ།