རླུང་འཚུབ་ཀྱིས་དེད་པའི་སྟེས་དབང་གི་ཟློས་གར།
འཕྱུར་གྱིན་པའི་སྤྱོད་ཁང་གི་ཆུ
ནུབ་སྒོའི་སྲང་ལམ་ནས་ནམ་མཁའི་དགུ་ཚིགས་ལྟར
གྱ་གྱུར་འཐེན་པའི་ས་ནག་གི་ལམ་ཕྲན
འབུ་རྒན་གྱི་མིག་འོད་ན་འཛུམ་པའི་རྨི་ལམ
དཀར་འོད་ལམ་ལམ
སུ་རུའི་མེ་ཏོག རྒྱ་སའི་དྲི་ངད
ལྷམ་མཐིལ་ནས་བཞུར་བའི་གཙང་ཆུ་རིང་མོ
ལོ་མ་ལྟ་བུའི་དཀར་གཙང་གི་ཤོག་བུ
མིག་ཆུ་འཐོར་སའི་རི་གྲོང་གི་གྲིབ་མ
གངས་རི་འཐག་པའི་དམྱལ་བའི་དུས་ཚིགས་ཀྱི་ལྷག་མ
ཚོན་རྩི་བྱུགས་པའི་རྫི་འཕྲུལ་གྱི་སྡེར་མ
སོག་པ བྲང་མགོ
ཤ་མོད་པོ་སྒྲིག་སའི་དམྱལ་ཟངས་ཆེན་མོ
མཛུབ་རྩེ་ནས་ལྡང་འོང་བའི་རླུང་འཚུབ
མཛུབ་བར་ནས་ཤོར་འགྲོ་བའི་མྱི་ལྷག
འཇའ་ཚོན་རིང་མོའི་ཁུག་ཀྱོག་ཏུ་གཉིད
ག་སར་གཏོར་བའི་སྲན་མ
ཁང་ཆུང་གི་ཡ་ཕུག་ནས་ཨ་མས་གླུ་ལེན་པ་དང་འདྲའམ
ལྕགས་དྲའི་ནང་རོལ་ནས་གཡག་རྒོད་ཀྱིས་རྔ་འཚུབ་བྱེད་པ་དང་འདྲ
ཚེར་མའི་རྣོ་སོར་བསྐྱོན་པའི་ཕྱེ་ལེབ་ཁྲ་བོ
ཉི་མའི་བསླུ་བྲིད་ལ་ལྕེ་ལྡག་བྱེད
སྤྲིན་པ་ལྟ་བུའི་འཇག་སྐྱའི་ཕོན་ཐག
ཁ་དོག་པའི་རྫ་མའི་ལྟོ་བར་བཏགས
མུག་མ ཆུ་འཁྱག
སྦལ་བའི་ནམ་མཁར་འཚང་བའི་འགྱིག་ཁུག་ནག་པོ
ཁ་པར་དགོད་ཞོར་དགོད་ཞོར་དུ་ལག་པ་སྲོང་གི་འདུག
ལྕེབས་ཐག་ལྟ་བུའི་ཁ་རླངས་ཀྱང་ཚུར་ལ་འོང་གི་འདུག
རྩྭ་རྡུམ་འཛིང་བའི་ཞིང་ཐང་གྲུ་བཞི
ངུ་ཞོར་ངུ་ཞོར་དུ་ཕར་ལ་འབྲོ་གི་འདུག
༢༠༠༧ ༡༢ ༡༨ཉིན་ལན་གྲུ་རུ།
རྩོམ་ཁུངས། ངེད་དྲ་བ།