ཁ་སང་དང་དེ་རིང་གི་རྣམ་ཤེས།
རྣམ་ཤེས་ཕྲ་མོ་
ལྷགས་རླུང་གི་ཁྲོད་ནས་ཟུག་ཅིང་
གངས་འཁྱག་གི་ཁྲོད་ན་ངུ་
རྟག་དུ་མུན་པའི་གསེབ་ནས་འཚེར་བའི་འཇིག་ལ་ཁད་ཀྱི་ལ་སྒྲོན་ལ་ཅེར་གྱིན་
ཁ་སང་དང་དེ་རིང་གི་རྣམ་ཤེས་འཚོལ་ལ་རེམ་
འཁྱམས་ཟིན་པའི་རྣམ་ཤེས་
ད་དུང་ཡང་གངས་འཁྱག་ཁྲོད་ནས་
སུ་ཞིག་གི་སྐུལ་སློང་ལ་ཉན་གྱིན་
ཁ་སང་གི་ལྷག་བསམ་བཏེགས་ཏེ་
དེ་རིང་གི་ལམ་ཁ་ནས་འཆད་འགྲོ་
དྲང་བདེན་གྱི་གྲུ་ཟུར་ནས་
ཁ་སང་ནི་འོད་སྟོང་འབར་བ་ཞིག་ཡིན་པ་མངོན་ཐུབ་ལ་
ཁ་སང་ནི་གདུག་རྩུབ་ཅན་ཞིག་ཡིན་པ་དེ་བས་མངོན་ཐུབ་པས་
མང་པོ་མང་པོ་ཞིག་གི་ཁ་སང་གླེང་འདོད་མེད་མོད་ཀྱང་
རྣམ་ཤེས་ལ་བཞུགས་པའི་རེ་བ་དེའི་ཆེད་
ཁ་སང་ནས་འགོ་མི་ཚུགས་ན་
དེ་རིང་སྒྱུ་འཕྲུལ་ངོ་མ་འཚོལ་མི་ཐུབ་པས་
ཁ་སང་གི་གསེབ་ནས་བལྟ་གིན་
དེ་རིང་གི་འགྲམ་ནས་ཉན་གྱིན་
ཁ་སང་དང་དེ་རིང་གི་རྣམ་ཤེས་འཚོལ་དགོས་ཡ་
རྩོམ་ཁུངས། ངེད་དྲ་བ།