རྒྱང་རིང་གི་ཉི་མའང་ཕྱི་དྲོར་སླེབས་ཡོད།
སྤྲིན་ནག་དང་འབྲུག་སྒྲ་ལྷན་དུ་ལྡིར་བས
ས་ཆེན་གྱི་རྨི་ལམ་འཁྲིགས་འགོ་བརྩམས
ཉི་འོད་ཀྱི་མཛེས་སྡུག་བོར་བའི་མྱ་ངན་ནག་པོ་
ལུང་བའི་ཉིན་སྲིབ་དུ་ཁ་བ་བཞིན་བབས་པས
གདུག་རྩུབ་དང་ཚེར་མའི་རྐང་ལམ
ཕ་མཁར་སྨུག་པོའི་གཞིས་སུ་ཁྱབ
སྐྲ་ལོའི་ནགས་ཚལ་བྲེགས
ཆུ་མོའི་བཞུར་རྒྱུན་བཅད
ཟླ་བ་སྨག་རུམ་གྱིས་སྒྲིབ་པའི་མཚན་མོ་རེ་རེ་
དེ་ལྟར་ཕར་ལ་བསྐྱལ་རྗེས
ད་གཟོད མི་ཡུལ་གྱི་རྒྱུ་འབྲས་ཤི་བའི་འདས་དོན་ལའང
བསམ་བློ་ཡང་ཡང་འཁོར་ངེས
ད་ལྟ རྒྱང་རིང་གི་ཉི་མའང་ཕྱི་དྲོར་སླེབས་ཡོད
རྣམ་ཤེས་ཀྱི་རེ་བས་ཀྱང་ཕྱིར་མིག་བལྟས་ཡོད
ཏག་ཏག མུན་པ་ཡོངས་སུ་མ་འཐིབ་པའི་དུས་ཚིགས་འདིར
ང་ཚོས་རྒྱུ་འབྲས་ཤི་བའི་འདས་དོན་རྟོགས་དགོས
ཟླ་བ་བཞུད་པའི་གསང་ལམ་འཚོལ་དགོས
ད་དུང་། དེ་རིང་གི་མི་ལོ་ལྔ་བཅུའི་རྒས་འཁོགས་བསམ་བཞིན
སང་ཉིན་གྱི་ཉི་འོད་བསུ་བའི་རམ་འདེགས་འཚོལ་དགོས
ཨ ངའི་སྤུན་ཟླ་ཚོ
༢༠༠༩།༡།༤དགོང་མོར་བྲིས།
རྩོམ་ཁུངས། ངེད་དྲ་བ།