སྙན་ངག་པའི་མིག་ཆུ།
གསེར་མདོག་ཅན་གྱི་ལྭ་བ་བཀླུབས་ཏེ་དགུན་ཟླ་གསུམ་གྱི་མངལ་རུམ་ན།།
སྔོ་ལྗང་རྩ་ཡི་ཁྱེའུ་སྦྲུམ་སྟེ་དཔྱིད་ཀྱི་མ་མོ་བསུ་བའི་དུས།།
ཁྭ་ཏ་ནག་པོའི་ངུ་ཟུག་རྐྱེན་པོས་ལྷིང་འཇགས་རྩ་ཐང་ཐོལ་གྱིས་དཀྲོགས།།
སྙན་ངག་པ་ཡི་མིག་ཆུ་དྲོན་མོ་དུས་མཐའི་མེ་བཞིན་དྲག་ཏུ་འཕྱུར།།
འཁྱགས་ལ་ཤོར་བའི་སེམས་པ་དམར་པོ་སྡོང་ལོ་རླུང་གིས་སྤུར་བ་བཞིན།།
གནམ་སའི་བར་ན་ལྷེབ་ཀྱིས་ལྡིང་བཞིན་རང་ལམ་འཚོལ་བའི་སྲང་མདོ་ན།།
ཀུ་ཅོའི་སྒྲ་ལ་གཡམ་གྱིས་རྒྱུགས་མཁས་ནོར་སྲུང་བུ་ཡིས་སྡིགས་མོ་དེས།།
སྙན་ངག་པ་ཡི་མིག་ཆུ་དྲོན་མོ་ཚངས་པའི་དབྱངས་དང་ལྷན་དུ་བསྒྲགས།།
དུས་བཞིའི་དྲོ་གྲང་བཅུད་དུ་གོམས་པའི་ཐང་ཤིང་སྔོན་མོའི་གྲིབ་འོག་ན།།
ཚ་དྲོད་ཤོར་བའི་ལག་ཟུང་སྙི་མོས་སེམས་འཕྲིན་དམར་པོ་འཐུ་བའི་དུས།།
མཆུ་ལྕེ་རྣོ་བའི་ནེ་ཙོའི་སྐད་ངན་རྣ་བ་འཇམ་པོའི་གཏིང་དུ་ལྷུང༌།།
སྙན་ངག་པ་ཡི་མིག་ཆུ་དྲོན་མོ་དགུན་གྱི་ཆུ་འཁྱགས་ལྷན་དུ་བཞུར།།
ཁྲག་དང་མིག་ཆུའི་མཆོད་པ་བཤམས་ཏེ་རང་དབང་ལྷ་མོ་དགྱེས་པའི་ཕྱིར།།
ལེ་དབར་ཁྲི་ཚོའི་ས་ན་འཐོར་བའི་ལས་དབང་ནག་པོའི་སེམས་པ་ཚོ།།
གནམ་ས་གཉིས་ཀྱི་མཆེ་སྡེར་དབུས་ན་མཚོ་མོའི་རླབས་བཞིན་སྐྱོམ་པའི་དུས།།
སྙན་ངག་པ་ཡི་མིག་ཆུ་དྲོན་མོ་ཐལ་བའི་རྡུལ་བཞིན་འཛད་མེད་བབ།།
བརྩེ་དགའ་ཕྱུག་མོའི་བི་རག་མངར་མོས་དབང་རྩའི་རྒྱུ་བ་ཡོངས་སུ་སྦྲིད།།
ཞྭ་བའི་འཇིག་རྟེན་ལྷོད་ཀྱིས་འགྲིམས་བཞིན་རང་གཤིས་རྣལ་མ་དོར་གྱུར་ནས།།
ཀུན་ཕན་སེམས་ཀྱི་བྱ་བཞག་བསྐྱུར་ཏེ་ཀྱག་ཀྱོག་ལམ་ཕྲན་འདེད་པའི་དུས།།
སྙན་ངག་པ་ཡི་མིག་ཆུ་དྲོན་མོ་གངྒའི་ཀླུང་བཞིན་ཆད་མེད་རྒྱུག།
རྒྱུན་བུ་གཅིག་གི་ངོས་ལས་བྲེགས་པའི་འདབ་དྲུག་ཁ་བའི་དོག་པོ་རྣམས།།
རང་རང་སོ་སོའི་རྒྱུ་ཚོགས་རྐྱེན་པས་མགོ་བོ་མཐོ་སྨན་ཅི་ཡང་སྲིད།།
མཆོག་འཛིན་དུག་གི་སྨྱུག་ཁ་ནག་པོས་མདོ་གསུམ་ཡུད་ཀྱིས་དཀྲུག་པའི་ཚེ།།
སྙན་ངག་པ་ཡི་མིག་ཆུ་དྲོན་མོ་ས་སྟེང་འདི་ན་ཤོང་བ་མིན།།
རིགས་པའི་རལ་གྲི་ཀླད་ལ་མ་བསྐོར་གཟུ་ལུམ་ཧོལ་སྤྱོད་བང་འགྲོས་ཀྱིས།།
སྔ་ཕྱིའི་དུས་རབས་གང་ལ་འཚམས་པའི་རྒྱ་བོད་མཁས་གྲུབ་གཞུང་ལུགས་དག།
མིང་མེད་འཇོམས་པའི་སྤྲེའུའི་བུ་རབས་སྙིང་མེད་མིག་ལྡོངས་འགའ་མཐོང་བས།།
སྙན་ངག་པ་ཡི་མིག་ཆུ་དྲོན་མོ་ཁ་བའི་རྒྱུན་བཞིན་ལྷབ་ལྷུབ་འབབ།།
གངས་དཀར་ལྷ་མོའི་རྟོགས་བརྗོད་ཉན་དུས་ཡིད་འགྱུར་དགའ་བ་ཅི་ལས་ལྷག།
དུས་རབས་གསར་པའི་ལང་ཚོ་རིག་དུས་སྙིང་དམར་དབུས་ན་ལྕེ་སྟག་ལྷུང༌།།
གསར་རྙིང་གཉིས་ཀྱི་ལྟ་བ་རྩོད་དེ་ཁུ་ཚུར་ཡང་མོར་བཞུ་བའི་དུས།།
སྙན་ངག་པ་ཡི་མིག་ཆུ་དྲོན་མོ་ཞོགས་པའི་ན་བུན་བཞིན་དུ་འཚུབ།།
གྲོག་མོའི་སྐེད་པའི་དུས་ཀྱི་མཐའ་ལའང་ཆིག་སྒྲིལ་ལག་ཟུང་མ་སྡོམ་པར།།
ཅུང་ཟད་ལབས་པའི་ཁེངས་རློམས་ཡིན་ནམ་དམར་པོའི་དུག་ཆུས་བརླམས་པ་ཡིན།།
སྨྱུག་རྩེའི་མདའ་མོ་དགྲ་བོར་མ་གཏད་ནང་གི་གློ་སྙིང་འབིགས་པའི་དུས།།
སྙན་ངག་པ་ཡི་ཁྲག་དྲོན་མིག་ཆུ་ལྷད་མེད་ཤོག་དཀར་སྟེང་དུ་ལྷུང༌།།
རྩོམ་ཁུངས། ངེད་དྲ་བ།