སེམས་ཀྱིས་འཁུར་བའི་སྡུག
མགུར་གླུ་ལྕགས་རྡུང་མ་ཞིག་ལེན་པའི་ཆེད།།
ལག་པ་གཉིས་ཀྱིས་བྲང་ཁ་ཕྱེས་པ་ན།།
ཤ་པགས་རུས་གསུམ་འཐག་པའི་དབུགས་འགྱུ་ཞིག།
ཤེལ་གྱི་དྲ་སྒོ་ནང་ནས་ཕྱི་ལ་ཐལ།།
བརྩེ་བའི་སྡོང་ལོ་རླུང་གིས་སྤུར་བ་འདི།།
བྱེ་འུ་སྟོང་ཕྲག་ནམ་མཁར་འཕུར་བ་བཞིན།།
སྒྲོ་སྤུ་རེ་རེ་བརྐྱངས་པའི་གཤོག་སྣེ་ན།།
འཇིག་རྟེན་འཁོར་བའི་ཡིག་ཆུང་གསོན་པོ་ཉལ།།
བདེན་དོན་ལག་པ་བསྲིངས་ནས་རྒྱུག་པའི་དུས།།
སེན་མོའི་རྩེ་ལ་རྫུན་གྱི་མཚལ་ཐིག་བབ།།
དཀའ་བ་བརྒྱ་ཕྲག་བསྐྱེད་དེ་འགུལ་བའི་ཤུགས།།
རྩུབ་མོའི་རེ་ལྡེའི་ཤུབས་ལས་ཐར་བ་མེད།།
ཁ་སེམས་གཉིས་ཀྱི་མེ་ལོང་དམར་པོ་ལས།།
འཚོ་བའི་འགལ་འདུ་འཁྲིགས་པའི་རླབས་འཕྱུར་ནས།།
སྙིང་ལ་བཅུག་པའི་རུས་པ་ཚེར་མའི་མདུང་།།
གང་སར་བསྣུན་པའི་དཔུང་ཤ་ལྷོད་མི་འགྱུར།།
ལོ་ཟླའི་རྒྱུ་མ་གྱ་གྱུར་འཐེན་ཤུལ་ན།།
སྡིག་ཅན་རྐང་བའི་ཐྲིག་སྒྲ་གྲག་པ་འདིས།།
བསོད་ནམས་བསྐལ་བས་རྙེད་པའི་སྐྲ་ལོ་ལ།།
དངངས་སྐྲག་རིག་སྔགས་ནག་པོས་ཁ་ཤུ་འདེབས།།
མདུན་ལ་སྤོས་པའི་གཏམ་རྒྱུད་རེ་རེ་ཡིས།།
ལྕགས་ཀྱི་ཡ་ལད་བགོས་པའི་ལས་མཁན་བསུ།།
མི་རྒན་འཁར་བ་ཙམ་གྱིས་དབྱུག་པ་ཡིས།།
བར་མ་དོ་ཡི་མི་རྣམས་གཡང་ལ་འདེད།།
མི་ཐེག་བཙན་གྱི་ཕ་བོང་འདེགས་པའི་སྐབས།།
སྐྱོ་ལ་སྡུག་པའི་ཆོས་ཀྱི་མདུན་སའི་གདོང་།།
སྡིག་སྲིན་དྲ་རྒྱའི་ཚོན་གྱིས་བཏུབ་པའི་ཚེ།།
མགོ་ཡི་ལྷ་དབང་ས་ཕྱོགས་གང་དུ་བྲོས།།
རྟག་པར་སྐྱབས་སུ་རེ་བའི་མི་བོ་ཆེ།།
བོང་བུས་གཟིག་ལྤགས་གྱོན་པའི་གདན་ལ་འགྱིང་།།
དམུ་རྒོད་གཟེངས་རིང་རྣོན་པོའི་ཡང་རྩེ་རུ།།
ང་ཡི་སྤུན་གྲོགས་གང་ཞིག་གློ་བུར་ལྷུང་།།
རྩོམ་ཁུངས། ངེད་དྲ་བ།