དཔེ་མཛོད་ཁང་དུ་གྲང་བསིལ་བསིལ་གྱི་ཚོར་བ་ཁ་ཤས་ལ་འཐམ་པ།
སྡོང་ལོ་འཐོར་ཤུལ་དུ་དགུན་ཁ་སླེབས་རྒྱུ་ཡིན་པ་ཤེས་ན་ཡང
ཁྱོད་བདོག་པས ང་ཁ་ཆར་དང་བུ་ཡུག་ལ་སྐྲག་མ་མྱོང
སྒེའུ་ཁུང་ཕྱི་རོལ་གྱི་རྣ་ལ་གཟན་པའི་ནག་ཉེས་ཀྱི་འཛེར་སྒྲ་ལྟ་བུའི
གྲང་བསིལ་བསིལ་གྱི་ནམ་ཟླ་དང་མཚུངས་བའི་ཚོར་བ་སྐྱུར་བོ་ལྟ་བུའི
ཕྱི་རོལ་ན་རལ་གྲི་ལྟ་བུའི་དཔུང་འཇུག་གི་མཚོན་ཆ་ཡོད་ན་ཡང
ཁྱོད་ཀྱིས་ཡིད་ཆེས་ཀྱི་མགོ་བོ་བདག་གི་བྲང་གཞུང་ལ་བསྙེས་ནས་བསྡད་ན
ཁོ་ཧྥེ་ཧུབ་རེ་འཐུང་སྟེ་མིག་ཟུང་ཐེངས་རེར་བཙུམ་པ་ཡང
ཕྱིར་རྟོག་རེད ལོ་རྒྱུས་རེད མཛེས་སྡུག་རེད
སྤྱི་འབྲེལ་གྱི་ས་ཚིགས་ནས་འཛུམ་མདངས་སྤྱོད་སྒོ་ཆེ་ན་ཡང
ཁོ་བོས*འཛུམ་དཀར་*ཞེས་པའི་མིང་བྱང་ཞིག་དུར་སྦས་བྱས་སོང
སྒེར་ཚུགས་ཀྱི་ནང་མ་ཁང་ཆུང་ཆུང་ཞིག་གི་སྦྱིན་བདག་བྱས་ནས
བརྩམས་ཆོས་ཁ་ཤས་ལ་འབྲེལ་གཏུགས་དང་རྒྱུས་ལོན་བྱས་ནས
ཕངས་སེམས་ཀྱི་རོལ་དབྱངས་འཁོར་ལོ་བཞིན་བསྐོར་ནས
རོགས་ལོ ངལ་གསོ་ཏོག་ཙམ་གནང་རོགས་ཞེས་པའི་ཁྱོད་ཀྱི་གསུང་སྐད་ལ་ཉན་ནས
འཇམ་ཐང་ཐིང་གི་འཚོ་བ་འདིའི་རབ་ཁ་ན་འགྲེང་ཡོད
བསམ་བློར་བཙན་འཛུལ་བྱེད་པའི་བར་སྣང་གི་ཁྲིམས་ཁང་ཆེན་མོ
རང་དབང་གི་རྒྱ་སེ་མེ་ཏོག་སྟེར་སའི་བརྩེ་དུང་གི་ཁོར་ཡུག་མ་རེད
འོ་སྤྲི་ལྟ་བུའི་ཞིམ་པོའི་འོ་ཞིག་གནང་སྙམ་ན་ཡང
མེ་མདའ་འཁུར་བའི་དམག་མི་ཚོས
སྒོ་དང་སྒེའུ་ཁུང་ཕྱེ་ནས་ཁྱོད་ལ་ལྐོག་བལྟ་བྱས་འདུག་ཨང
གྲོང་ཁྱེར་ནས་འོ་ཇ་དྲན་དུས་སྙན་ངག་ཚན་པ་ཁ་ཤས་ཀྱང་ཞོར་དུ་རྙེད་ལ
ཐལ་མདོག་གི་བསམ་བློ་ལྟ་བུའི་དུད་ཚང་རེ་རེ་དང
ཀུ་ཤུ་ནང་རུལ་ལྟ་བུའི་གནས་ལུགས་ཐར་ཐོར
མཚན་སྒྲོན་བཞིན་རབ་རིབ་ཀྱི་མིག་ཟུང་གི་སྣེ་མོ་ན་འོད་ཆེམ་ཆེམ
དེ་རིང་ནས་བརྩིས་ན་ཉིན་མ་མང་པོ་མེད་པའི་ཉིས་སྟོང་བརྒྱད་ལོར
འཛིན་ཡིག་ཅིག་གི་ཕག་ནས་སྡོད་གནས་བཙལ་དགོས་ལ
ལྷ་སའི་གཞུང་ནས་སྙན་ངག་ཚན་པ་གཅིག་ཀྱང་གྱེར་དགོས
དུས་ཚོད་ཀྱི་ཐག་སྒྲ་དབྱངས་རྟ་ཙམ་མ་ཡིན་པས
ཚེ་སྲོག་གི་རུས་རྐང་བར་སྣང་ནས་ཁ་བའི་ཟོལ་གྱིས་མ་འཐོར་བར་དུ
ངས་ལོ་རྒྱུས་ལ་བདེན་པ་རྩོད་རྒྱུ་དམ་བཅའ་བྱས་ཡོད
ངས་བདེན་པ་ལ་ལག་པ་གཟེད་རྒྱུ་ཁས་ལེན་བྱས་མྱོང
ཤེས་རབ་ཀྱི་ཁྲག་ཐིགས་འཛར་གྱིན་འཛར་གྱིན་རྒྱ་མཚོའི་གཞུང་ལ་འདྲེས་སོང
གཞུང་ལུགས་ཀྱི་བུ་ཡུག་འཚུབ་ཀྱིན་སྦྲ་ནག་གི་ཆོན་ཐག་སྒུལ་བྱུང
གལ་ཏེ་གངས་རི་ཞུ་བར་གྱུར་ཚེ་ཤུལ་གྱི་ཁ་དོག་ད་དུང་དཀར་པོ་ཡིན་ནམ
དྲ་མའི་སྟེང་ལ་རླངས་པ་བཞིན་ཆགས་པའི་སེམས་ཚེགས་ཀྱིས་དེད་པའི་སྣང་བ་བན་བུན
དགུན་ཁ་སླེབས་པའི་བརྡ་རྟགས་ཀྱི་གྲང་ངར་བཞིན་ཇེ་རྒོད་ཡིན་པས
འཁྱོག་བཤད་མོད་པའི་གནའ་དཔེ་མང་པོ་རྡུལ་གྱིས་བཏུམས་ཡོད་ནའང
འདོད་བློ་ཚིམ་དཀའ་པའི་འཁྱག་སིབ་སིབ་ཀྱི་ཚོར་འདུ་སན་ཁ་སུམ་བརྒྱ
གནས་འགྲོ་བུ་མོ་ཚོའི་མིག་ཆུ་ས་འཁུར་མཚོས་ནས་འཐོར་ཚུལ་ཙམ་མོ
༢༠༠༧*༡༢*༢༢ཉིན་ལན་གྲུ་རུ།
རྩོམ་ཁུངས། ངེད་དྲ་བ།