ངོ་ལོག་བསྒྲགས་ཡིག
མེ་མཚོན་དང་ཁྲག་དྲིའི་བར་ན
སྡུག་ཡས་དང་མུན་ནག་གི་འོབས་སུ
ང་ལ་འོད་ཟེར་མེད་ཀི
ང་ལ་གསེར་གྱི་ལྡེ་མིག་དེ་སྤྲད་རོགས
ང་ལ་ལྕགས་ཀྱི་ཐགས་པ་དེ་ལྷོད་རོགས
ངའི་ནམ་མཁའ་བོར་སོང ས་གཞི་བོར་སོང
ཐ་ན རྐང་པ་བསྲིངས་སའི་མལ་ཁྲིའང
མགོ་ཐོག་གི་རྡོ་ཡཱ ང་རང་མནན་ནས
དུས་ཚོད་ག་ཙམ་ཟིན་སོང་ཨང
བདག་གི་ཆུ་མོ་སྦགས་སོང བདག་གི་གངས་རི་རྨས་སོང
གཅེས་པའི་སྲོག་ལ་མ་སྙབས་ན ན་ཟུག་རྒོད་ཀྱང
ཨམ་གཙུགས་བསྡམས་ནས་ལོ་ངོ་ག་ཙམ་ཕྱིན
གཏོང་ཤོག ལྕགས་མཁར་སྒོ་མེད་ན
རང་དབང་གི་འོད་ཟེར་མཐོང་གི་མེད་པའི
བདག་གི་མི་སེར་ཚོ་རེ་རེ་བཞིན་གཏོང་ཤོག
ཆུ་ཆེན་གྱི་དྲག་རླབས་འཕྱུར་བ
སྲ་མཁྲེགས་ཀྱི་རྡོ་བར་གདོང་ཐུག་བརྒྱབ་པ་ལགས་ན
ལྕགས་སྒྲོག་བརྒྱབ་པའི་བདག་གི་མི་སེར་ཚོར་ཅི་ཁག
ཝ་ཡེ ང་དང་ཁ་ཐག་ཅི་ལྟར་ཉེ་ན
བར་ཐག་དེ་ལྟར་རིང་བའི་མི་ཡཱ
བདག་གི་སྨྲ་ལྕེ བདག་གི་འོད་ཟེར
བདག་གི་མྱི བདག་གི་རི་ཆུ་ནགས་གསུམ
རེ་རེ་བཞིན རེ་རེ་བཞིན
གཙང་སྤྲད་གནང་ཤོག
མེ་མཚོན་དང་ཁྲག་དྲིའི་བར་ན
སྡུག་ཡས་དང་མུན་ནག་གི་འོབས་སུ
ང་ལ་འོད་ཟེར་མེད་ཀི
ང་ལ་གསེར་གྱི་ལྡེ་མིག་དེ་སྤྲད་རོགས
ང་ལ་ལྕགས་ཀྱི་ཐག་པ་དེ་ལྷོད་རོགས
༢༠༠༨ ༤ ༢ཉིན།
རྩོམ་ཁུངས། ངེད་དྲ་བ།